༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ ༣༢ འཁོར་བའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོ།

༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་ནས་ལོ་ ༣༢ འཁོར་བའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོའི་ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་གིས་“བོད་རྒྱའི་དཀའ་རྙོག་འདི་གཙང་སེལ་མ་བྱུང་བར་དུ། རྒྱལ་སྤྱིའི་ནང་བོད་དོན་ལས་འགུལ་རྒྱ་གང་ཆེ་སྤེལ་རྒྱུ་དང་། དེ་མཚུངས་སུ་རྒྱ་གཞུང་གི་ནོར་འཁྲུལ་སྲིད་ཇུས་དེ་རིགས་མཚམས་འཇོག་དང་ཡོ་བསྲང་དགོས་པའི་ཡིག་ཆ་ཞིག་ཀྱང་རྒྱ་ནག་གཞུང་ལ་རིང་མིན་སྤྲོད་འཆར་ཡོད་”ཅེས་གསུངས་སོང་།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་ལ་ ༡༩༨༩ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ཧྲིལ་པོ་ ༣༢ འཁོར་བའི་གཞུང་འབྲེལ་མཛད་སྒོ་དེ་དེ་རིང་སྔ་དྲོར་གངས་སྐྱིད་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་འཚོགས་སོང་བ་དང་། མཛད་སྒོ་དེའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ཚང་འཛོམས་ཀྱིས་བཀྲ་ཤིས་པའི་ཉིན་མོ་དེ་དུས་རྒྱུན་ལམ་སྲོལ་ཐོག་ནས་སྲུང་བརྩི་ཞུས་གནང་སོང་།
མཛད་སྒོ་དེའི་ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་དང་སྤྱི་འཐུས་ཚོགས་བསོད་ནམས་བསྟན་འཕེལ་གཉིས་ཀྱིས་བཀའ་སྤྱི་སོ་སོའི་གསུང་བཤད་སྒྲོག་སྦྱངས་གནང་བའི་ནང་། བཀའ་སྤྱི་གཉིས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་“མགོན་པོ་གང་ཉིད་ཀྱི་བཀའ་དྲིན་རྗེས་དྲན་”དང་། མགོན་པོ་གང་ཉིད་ཀྱི་རླབས་ཆེན་མཛད་རྗེས་དང་དགོངས་པ་ལ་ཡིད་རངས་བསྔགས་ཞུས་པའི་ཐོག བོད་ཀྱི་གནས་སྟངས་དང་བོད་རྒྱའི་གནད་དོན་དང་འབྲེལ་བའི་གཞུང་འབྲེལ་གསུང་བཤད་ཀྱང་གནང་སོང་།
བཀའ་ཤག་གི་གསུང་བཤད་ནང་། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་“བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་འཇུག་ངོགས་ནས་རྒྱ་ནག་གཞུང་ལ་འབྲེལ་གཏུག་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་བའི་འབད་བརྩོན་བྱ་རྒྱུའི་ཆོད་སེམས་གཞིར་བཞག་ཐོག །དེ་སྔ་རིམ་པར་ཞུས་ཟིན་པ་ལྟར། བོད་རྒྱའི་དཀའ་རྙོག་འདི་གཙང་སེལ་མ་བྱུང་བར་དུ། རྒྱལ་སྤྱིའི་ནང་བོད་དོན་ལས་འགུལ་རྒྱ་གང་ཆེ་སྤེལ་རྒྱུ་དང་། དེ་མཚུངས་སུ་རྒྱ་གཞུང་གི་ནོར་འཁྲུལ་སྲིད་ཇུས་དེ་རིགས་མཚམས་འཇོག་དང་ཡོ་བསྲང་དགོས་པའི་ཡིག་ཆ་ཞིག་ཀྱང་རྒྱ་ནག་གཞུང་ལ་རིང་མིན་སྤྲོད་འཆར་ཡོད་”ཅེས་གསུངས་པའི་ཐོག སྐབས ༡༦ པའི་བཀའ་ཤག་གི་བོད་དོན་དང་བླངས་ཞུ་གཏུག་ལས་འགུལ་སྤེལ་ཟིན་པ་ལྟར། “བོད་རྒྱའི་དཀའ་རྙོག་འདི་གཙང་སེལ་མ་བྱུང་བར་དུ། བོད་དོན་བདེན་མཐའ་གསལ་བའི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱ་རྒྱུ་ནི་བཅའ་ཁྲིམས་ཀྱིས་བཙན་བྱོལ་བོད་མི་ཚོར་བསྐུར་བའི་ལས་འགན་གལ་ཆེ་ཤོས་དེ་ཡིན་”ཚུལ་ཡང་བསྣན་སོང་།
དེ་བཞིན། སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ་གྱིས་“རྒྱ་གཞུང་གིས་བོད་ནང་བཙན་འཛུལ་ཧམ་བཟུང་བྱས་པར་ཞི་བས་བཅིངས་འགྲོལ་བཏང་ལུགས་ཀྱི་ལོ་ ༧༠ འཁོར་ཟེར་བའི་དུས་དྲན་སྲུང་བརྩི་བྱས་པ་དང་། དེ་དང་འབྲེལ་བའི་རྒྱབ་ཤ་དཀར་པོ་ཟེར་བའི་དཔེ་དེབ་འགྲེམས་སྤེལ་གྱིས་མི་བདེན་རྫུན་སྒྲིག་དང་ལོ་རྒྱུས་ལ་འཁྱོག་བཤད་སྣ་ཚོགས་བྱས་ཡོད་པ། ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོག་འཆར་ཡོད་པ་བཅས་ནི་དྲང་བདེན་དང་བཟང་སྤྱོད་མེད་པའི་བྱེད་སྒོ་སྤེལ་བ་འདི་རིགས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ངོས་ལེན་ནམ་ཡང་མེད་པ་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་དེ་ལུགས་བསམ་གཞིགས་དགོས་པའི་དུས་ལ་བབ་ཡོད་པ་ངོས་འཛིན་ཞུ་བཞིན་ཡོད་”ཅེས་གསུངས་སོང་།
དེ་མིན་ད་དུང་། སྤྱི་འཐུས་ལྷན་ཚོགས་ཀྱི་གཞུང་འབྲེལ་གསུང་བཤད་ནང་། “རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མི་རྣམས་ལ་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་གཏོང་བཞིན་པ་དང་། དེ་བཞིན་ཤར་ཏུར་ཀི་སི་ཐན། ལྷོ་སོག་པོ། ཧོང་ཀོང་བཅས་སུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན། ལྷག་པར་དུ་བོད་ས་སྟོད་སྨད་བར་གསུམ་དུ་དམ་དྲག་ཤུགས་ཆེ་བྱས་ནས་ཆབ་སྲིད་བཙོན་པ་རྣམས་ལ་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་གཏོང་བཞིན་ཡོད་པ་དང་། དགོན་སྡེ་མང་པོ་ཞིག་གཏོར་བཤིག དགོན་སྡེ་ཁག་དང་སྤྱི་ཚོགས་ཁྱོན་ཡོངས་སུ་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་རྣམས་ཀྱི་འདྲ་པར་བཙན་གྱིས་སྒྲིག་གཤོམ་བྱེད་དུ་བཅུག་ཅིང་། དུས་རྒྱུན་དམར་པོའི་སློབ་གསོ་སྣ་ཚོགས་སྤེལ་ནས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་བཞིན་ཡོད། དེ་བཞིན་བོད་ཀྱི་ས་ཁུལ་ཆེ་ཁག་ཏུ་རྒྱ་མི་གང་མང་གནས་སྤོས་ཀྱིས་གཏན་སྡོད་བྱེད་དུ་བཅུག་སྟེ། བོད་མི་ནི་བོད་ས་རང་ནས་གྲངས་ཉུང་མི་རིགས་སུ་གྱུར་ཏེ། བོད་མི་རྣམས་རྒྱ་རིགས་ཀྱི་ངོ་བོར་བསྒྱུར་རྒྱུའི་སྲིད་བྱུས་ངན་པ་ལག་བསྟར་བྱེད་བཞིན་པ་དེ་དག་འཕྲལ་དུ་མཚམས་འཇོག་དགོས་པའི་”དགོས་འདུན་ཡང་བཏོན་འདུག
༧རྒྱལ་བ་རིན་པོ་ཆེ་ལ་འཛམ་གླིང་གི་སྙན་གྲགས་ཆེ་ཤོས་ཀྱི་གཟེངས་རྟགས་ཏེ། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པའི་ཉིན་མོ་ཁྱད་པར་ཅན་འདི་ནི། ༡༩༥༠ ང་གྲངས་སུ་རྒྱ་ནག་གིས་བོད་ཆོལ་ཁ་གསུམ་ཁྲིམས་འགལ་ཐོག་ནས་ཧམ་བཟུང་བྱས་པའི་རྗེས་ཀྱི་བཟི་བརྗིད་ཆེ་ཤོས་ཀྱི་ཉིན་མོ་ཞིག་ཡིན་སྟབས། བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་ཐོག་ནས་་ཉིན་མོ་འདི་སྲུང་བརྩི་ཞུ་ཡི་ཡོད་པ་མ་ཟད། འཛམ་གླིང་གང་སར་ཡོད་པའི་མགོ་ནག་བོད་མི་རྣམས་ཀྱིས་དུས་ཆེན་འདི་རྣམ་པ་འདྲ་མི་སྣ་ཚོགས་ཀྱི་ཐོག་ནས་སྲུང་བརྩི་ཞུས་ཏེ་༧མགོན་པོ་གང་ཉིད་ཀྱི་བཀའ་དྲིན་རྗེས་དྲན་དང་། རླབས་ཆེན་གྱི་མཛད་རྗེས་དང་དགོངས་གཞི་ལ་དད་གུས་ཡི་རངས་ཞུ་སྲོལ་ཆགས་ཡོད། །

གསར་འགོད་པ་དཀོན་མཆོག་རབ་བརྟན།