༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༣༥ འཁོར་བའི་མཛད་སྒོ་སྲུང་བརྩི་ཞུས་སོང་།

ཟླ་འདིའི་ཚེས་༡༠ ཉིན་གྱི་ཞོགས་པ་ཆུ་ཚོད་༡༠།༠༠ ཐོག་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༣༥ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་སོང་བ་དང་། སྐབས་དེར་མཛད་སྒོའི་སྐུ་མགྲོན་གྱི་གཙོ་བོར་ནིའུ་ཛེ་ལནྜ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དང་། ཧྥི་ཇིའི་གྲོས་ཚོགས་འཐུས་མི། རྒྱ་ནག་ཐོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་ཆུང་གི་ཨོ་གླིང་འབྲེལ་མཐུད་པ། རྒྱ་གར་ཐེབས་རྩ་ཁང་གི་འགན་ལྷན་ཚོགས་གཙོ་དང་ཚོགས་མི་ཁག་ཅིག་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན། བོད་མི་སེར་སྐྱ་མི་མང་སྟོང་ཕྲག་གཅིག་ལྷག་ཙམ་ཕེབས་འདུག

པར། བོད་ཀྱི་བང་ཆེན།

སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ནི་རྒྱལ་ཁབ་ཕན་ཚུན་དབར་མཛའ་མཐུན་གོང་འཕེལ་དང༌། གོ་མཚོན་ཉུང་འཕྲི་དང་མཚམས་འཇོག དམག་འཁྲུག་སྔོན་འགོག ཞི་བདེ་སྲུང་སྐྱོབ་དང་དར་སྤེལ། དྲང་བདེན་དང་འདྲ་མཉམ་གྱི་སྤྱི་ཚོགས་སྐྲུན་མཁན། མདོར་ན་འཛམ་གླིང་ནང་ཞི་བདེ་དང་བརྩེ་སེམས་གོང་འཕེལ་གཏོང་བར་བྱས་རྗེས་རླབས་ཆེན་འཇོག་པའི་ཚོགས་པ་དང་མི་སྣ་རྣམ་པར་གཟེངས་རྟགས་འདི་འབུལ་བཞིན་པ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་བདེ་དོན་ལ་སྨན་པའི་ཞི་བདེ་དང་བྱམས་བརྩེ་གོང་འཕེལ་དགོས་པའི་བླ་ན་མེད་པའི་དགོངས་གཞི་སྤྱི་དང༌། ཁྱད་པར་བོད་མིའི་རང་དབང་བསྐྱར་གསོའི་འཐབ་རྩོད་འཚེ་མེད་ཞི་བའི་ལམ་ཁོ་ནར་སྣེ་འཁྲིད་མཛད་པའི་མཛད་རྗེས་བཅས་ལ་ངོས་འཛིན་གྱིས་ཕྱི་ལོ་ ༡༩༨༩ ཟླ་ ༡༢ ཚེས་ ༡༠ ཉིན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཅིང༌། དེ་ལ་བརྟེན་ནས་འཛམ་གླིང་ས་ཕྱོགས་གང་སར་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་དྲིལ་བསྒྲགས་དང་། བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་སྔར་ལས་ལྷག་པ་གོང་མཐོར་ཕྱིན་ཡོད་ཅེས་དང་།

དེ་རིང་ནི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡང་ཡིན་ཞིང། ཕྱི་ལོ་ ༡༩༤༨ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་གནང་ནས་མི་ལོ་ ༧༦ འགྲོ་བཞིན་ཡོད་ཀྱང་། ཆེས་བློ་ཕམ་པ་ཞིག་ལ་རྒྱ་ནག་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མི་མང་པོ་ཞིག་སྔ་རྗེས་སུ་རྒྱ་གར་དུ་བཙན་བྱོལ་ལ་མ་ཕེབས་དཀའ་མེད་བྱུང་བ་དང་། དུས་དེ་ནས་ད་བར་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལོ་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་ལས་བཟང་ཕྱོགས་ཀྱི་རྣམ་པ་གང་ཡང་མཐོང་རྒྱུ་མེད་པ་མ་ཟད། རྒྱ་གཞུང་གིས་བོད་མི་རིགས་དང་། སྐད་ཡིག ནང་ཆོས། རིག་གཞུང་། ཁོར་ཡུག་དང་བཅས་པ་རྩ་བརླག་ཏུ་གཏོང་རྒྱུའི་ཆེད་བོད་ནང་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་རབས་དང་རིམ་པ་མུ་མཐུད་ལག་བསྟར་བྱས་པར་བརྟེན། བོད་མི་རྣམས་ནས་ཕྱི་ལོ་ ༡༩༥༩ ལོར་གསུམ་བཅུའི་བོད་མིའི་རང་དབང་སྒེར་ལངས་ཆེན་མོས་མཚོན། ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་སྔ་རྗེས་སུ་བྱུང་བའི་ཞི་རྒོལ་རིམ་པ་ཁག་དང་། དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་ བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་སྤེལ་དགོས་བྱུང་བ་མ་ཟད། ཕྱི་ལོ་ ༢༠༠༩ ནས་ད་བར་ཤེས་རྟོགས་ར་འཕྲོད་གསལ་པོ་བྱུང་བ་བོད་མི་གྲངས་ ༡༥༧ གྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་སྟེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་ཞུ་དགོས་པ་དང་། བོད་ལ་རང་དབང་རང་བཙན་དགོས་པ་སོགས་ཀྱི་དགོས་འདུན་རིམ་པ་བཏོན་གནང་ཡང་རྒྱ་གཞུང་གིས་ད་བར་དངོས་ཡོད་གནས་སྟངས་དང་མཐུན་པའི་ཡ་ལན་གང་ཡང་བྱས་མེད་པ་མ་ཟད་འགྲོ་བ་མི་ཡི་ཐོབ་ཐང་བརྩི་སྲུང་ཡེ་ནས་མེད་པར་ཞི་རྒོལ་གནང་མཁན་དང་བོད་མི་རྣམས་ལ་སྙོན་འཛུགས་འདྲ་མིན་གྱིས་བཀག་ཉར་དང་། འདྲི་རྩད། རྡུང་རྡེག བཙོན་འཇུག འགྲོ་འོང་དམ་བསྒྲགས་སོགས་གནས་སྟངས་ཡ་ང་བ་བྱུང་དང་འབྱུང་བཞིན་ཡོད་སོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྙན་སྒྲོན་ཞུས་སོང་།

དེ་བཞིན་དཔལ་ལྡན་སྲིད་ཚབ་བདེ་སྲུངབཀའ་བློན་རྒྱ་རི་སྒྲོལ་མས་ རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུ་ཟེར་བའི་དམིགས་ཡུལ་ནི། བོད་ཀྱི་ཆོས་དང་རིག་གཞུང་གི་སྲོག་སྙིང་དུ་གྲུབ་པའི་དགོན་པའི་སྒྲིག་འཛུགས་དང་སྲོལ་རྒྱུན་སློབ་གཉེར་གྱི་ལམ་སྲོལ་མཐའ་དག་ཉམས་དམས་སུ་གཏོང་རྒྱུ་ཡིན་པ་སྨོས་མ་དགོས་ཤིང་། བོད་ཀྱི་དགོན་སྡེ་སློབ་གྲྭ་ཅན་དང་། བོད་ཀྱི་སློབ་གྲྭ་རྒྱ་རིགས་ཅན་དུ་བསྒྱུར་རྒྱུའི་ངན་ཇུས་དེ་ལག་བསྟར་བྱེད་སྟངས་ལ་གཞིགས་ན། ད་ལྟའི་ཆར་དགོན་པ་ཁག་གི་འཛིན་སྐྱོང་ཁྱོན་ཡོངས་ནས་རྒྱ་གཞུང་གི་ལས་བྱེད་པས་བདག་འཛིན་བྱེད་བཞིན་པ་དང། དགོན་པའི་སློབ་ཚན་ཁག་ཏུ་དམར་པོའི་ལྟ་སྤྱོད་དང་། རྒྱའི་སྐད་ཡིག་གི་སློབ་ཚན་གྱི་བརྒྱ་ཆའི་གྲངས་ཚད་གཏན་འབེབས་བྱས་པའི་ཐོག་ནས་སློབ་སྤེལ་བྱེད་བཞིན་ཡོད་ལ། སློབ་ཁང་དེ་དག་ནས་ཐོན་མཁན་ཚོར་རྒྱ་གཞུང་གིས་གསར་གཏོད་བྱས་པའི་ལག་ཁྱེར་སྤྲོད་བཞིན་པ་མ་ཟད། ཆོས་མེད་སྨྲ་བའི་རྒྱ་གཞུང་གིས་སྤྲུལ་སྐུའི་ཡང་སྲིད་ལའང་ཐོ་འགོད་ལག་ཁྱེར་སྤྲད་དེ་ལོ་ངོ་སྟོང་ཕྲག་ལྷག་གི་དགོན་པའི་སློབ་གཉེར་ལམ་སྲོལ་ཐེར་ཚལ་དུ་གཏོང་བཞིན་ཡོད།

རྒྱ་གཞུང་གིས་བོད་ནང་གཏེེར་ཁ་སྔོོག་འདོོན་དང་། ས་ཆ་ཕྲུ་སློག ཤིིང་ནགས་གཅོོད་འབྲེེག །སྐམ་གཤེར་དུ་གནས་པའི་རིི་དྭགས་བསད་བཟུང་། ཁྱོན་འབོར་ཆེ་བའི་གཞིས་སྤོ་ལས་གཞི། གཞིི་རྒྱ་ཆེེ་བའིི་རྨང་གཞིིའིི་སྒྲིིག་བཀོོད་འཛུགས་སྐྲུན་སོོགས་ཀྱིི་རྐྱེེན་པས། བོོད་ཀྱིི་རྩྭ་ཐང་དང་ནགས་ཚལ། རི་ཀླུང་བཅས་པ་བྱེེ་ཐང་ཅན་དུ་འགྱུར་ཚད་ཆེ་བ་དང་། བོོད་མཐོོ་སྒང་གིི་ཚ་དྲོོད་འཕར་ཚད་ནི་འཛམ་གླིིང་གིི་ཆ་སྙོོམས་གྲངས་ཚད་ལས་ཉིིས་ལྡབ་ཡིིན་པ་དེེས་སྲིད་པའི་འཁྱགས་རོོམ་ཞུ་བ་དང་། རྒྱུག་ཆུ་འདི་དག་འབབ་རྒྱུད་ཀྱིི་རྒྱལ་ཁབ་ཁག་ལ་ཆུ་ལོོག་དང་། ས་རུད། ཐན་པའི་གནོད་འཚེ་ལྡབ་འཕར་བྱུང་སྟེ། འཚོོ་བ་དང་ཟ་འབྲུ་སོོགས་ཀྱིི་བདེེ་འཇགས་ལ་ཉེེན་ཁ་བཟོོ་བཞིིན་ཡོོད་པ།

རྒྱ་གཞུང་གི་ནུབ་གློག་ཤར་གཏོང་ཟེར་བའི་ལས་གཞིའི་ཁོངས་ཡར་ཀླུང་གཙང་པོའི་ཆུ་ལག་བཅས་པ་དང་། རྨ་འབྲི་རྫ་གསུམ་གྱི་ཆུ་ལག་དང་བཅས་པར་ཆུ་མཛོད་འབོར་ཆེན་ཞིག་བསྐྲུན་དང་སྐྲུན་བཞིན་པ་དཔེར་ན། ཡར་ཀླུང་གཙང་པོའི་འབབ་རྒྱུད་དུ་ཆུ་མཛོད་བསྐྲུན་ཏེ་གློག་ཤུགས་ཀི་ལོ་ཝཊ་བྱེ་བ་བརྒྱད་ཙམ་སྔོག་འདོན་ཐུབ་ཀྱི་ཡོད་ལུགས་བསྒྲགས་འདུག་པ་དང་། མེ་ཏོག་རྫོང་གི་ཆུ་མཛོད་དེ་ཕྱི་ལོ་༢༠༣༠ ནས་༢༠༣༥ བར་སྐྲུན་འགོ་ཚུགས་ཏེ། ཕྱི་ལོ་༢༠༤༥ ལོར་འགྲུབ་འཆར་བསྒྲིགས་འདུག་ལ། ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་དང་ཆུ་ལག་ཁག་ཏུ་ཀི་ལོ་མི་ཊར་༡༠༠ ནང་ཚུད་དུ་ཆུ་མཛོད་༨ ཙམ་བསྐྲུན་དང་སྐྲུན་བཞིན་འདུག་པ།

འབྲི་ཆུ་འབབ་རྒྱུད་དུ་ཆུ་གློག་ས་ཚིགས་བཅུ་གསུམ་འཛུགས་སྐྲུན་ལས་འཆར་སྐོར་བཀའ་ཤག་གི་འདི་ལོའི་གསུམ་བཅུ་དུས་དྲན་གྱི་གཏམ་བཤད་དུ་གླེང་ཟིན་པ་བཞིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ལས་རིམ་འགན་ཁུར་བ་བཅུ་གསུམ་གྱིས། ཆུ་རགས་དེས་བོད་མཐོ་སྒང་དང་། རྒྱ་ནག །ས་གནས་དེ་རང་བཅས་པའི་ཁོར་ཡུག་དང་གནམ་གཤིས་ལ་ཚབས་ཆེ་ཞིང་གསོ་ཐབས་མེད་པའི་ཤུགས་རྐྱེན་ཐེབས་སྲིད་ཅེས་རྒྱ་གཞུང་ལ་ཉེན་བརྡ་བཏང་ཡོད་ནའང་། རྒྱ་གཞུང་གིས་འབྲི་ཆུའི་འབབ་རྒྱུད་དུ་ད་དུང་ཆུ་གློག་ས་ཚིགས་དེ་དག་གི་སྤྱི་བསྡོམས་གློག་ཤུགས་འདོན་ཚད་ལས་ལྡབ་གསུམ་ཙམ་གྱི་ཉི་གློག་འཛུགས་འཆར་བསྒྲིགས་ཟིན་ལུགས་སྒྲོག་བཞིན་ཡོད་པ་དེའི་ཉི་འོད་གསོག་སྤྱད་སྒྲོམ་བུས་བོད་ཀྱི་རི་ལུང་ཅི་ཙམ་སྒྲིབ་གཡོགས་བྱེད་མིན་དང་། དེས་ཁོར་ཡུག་ལ་ཤུགས་རྐྱེན་ཇི་འབྱུང་སྐོར་རྒྱ་གཞུང་གིས་ཕྱི་ལ་ཤོད་ཀྱི་མེད།

དེ་བཞིན་དུ་དར་དམར་གཙང་པོ་ལས་གཞི་ཟེར་བའི་ནང་། ཡར་ཀླུང་གཙང་པོ་ཤར་དུ་དྲངས་ཏེ་རྒྱལ་མོ་རྔུལ་ཆུ་དང་། རྫ་ཆུ། འབྲི་ཆུ་བརྒལ་ནས་བྱང་དུ་གཏད་དེ་མཚོ་སྔོན་དང་ཀན་སུའུ་འདྲེས་མཚམས་ཀྱི་ལིའུ་ཅ་ཞ་ཆུ་མཛོད་དུ་བསྒྲིལ་རྗེས་བྱང་ནུབ་ཏུ་ཕྱོགས་ཏེ་ཀན་སུའུ་ཡི་ས་ཁོངས་བརྒྱུད་ཤིན་ཅང་གི་ཧོ་ཐེན་དང་། ཁ་ཤི་གར་ལ་སླེབས་རྒྱུ་ཡིན་པ་དང་། ལྷོ་ཆུ་བྱང་འདྲེན་ལས་གཞི་དེའི་རིང་ཚད་ལ་ཀི་ལོ་མི་ཊར་༦༡༨༨ ཡོད་ལུགས་བསྒྲགས་ཡོད།

གལ་ཏེ་སྲིད་དབང་སྒེར་འཛིན་པའི་འཁྲུལ་སྣང་དང་འདོད་རྔམ་གྱིས་བསྐྱེད་པའི་ལས་གཞི་འདི་རིགས་དངོས་སུ་ལག་བསྟར་བྱས་པ་ཡིན་ན། ས་ཡོམ་གྱི་གནོད་འཚེ་མང་བ་དང་། རི་བོ་མཐོ་ལ་གྲོག་རོང་ཟབ་པའི་བོད་ཀྱི་ས་ཆའི་སྟེང་རི་ཕིགས་པ་དང་། བྲག་གཤགས་པ། ཆུ་འགྲོའི་ཟམ་པ་འཛུགས་པ། རྒྱུག་ཆུ་བཀག་བསྐྱིལ་སོགས་འཛུགས་སྐྲུན་དེ་རིགས་ཀྱིས་ས་གཤིས་ལ་ཐད་ཀར་གཏོར་སྐྱོན་ཐེབས་རྒྱུ་ཡིན་པ་མ་ཟད། སྐམ་ཐོག་ཆུ་མཛོད་འཛུགས་སྐྲུན་བྱེད་སྐབས་ནང་བཞིན་ལས་གཞི་འཁེལ་ཡུལ་གྱི་བོད་མི་འབོར་ཆེན་ཞིག་ཕ་མེས་ནས་བརྒྱུད་པའི་རང་ཡུལ་བཞག་སྟེ་གནས་སྤོ་བྱེད་དུ་འཇུག་རྒྱུ་ཡིན་ངེས་པ་དང་།

རྒྱ་གཞུང་གི་ལས་གཞི་རྣམས་ནི་འགོ་ཁྲིད་པའི་རང་སྣང་གང་དྲན་ལ་གཞི་བཅོལ་བ་མ་གཏོགས། ཚན་རིག་གི་ལམ་ནས་བརྟག་དཔྱད་ཞིབ་འཇུག་དང་། ཕུགས་ཀྱི་ཁེ་གྱོང་ལ་གཞལ་བསྡུར་གྱི་ལམ་སྲོལ་གཏན་ནས་མེད་སྟབས། བོད་ཀྱི་ཁོར་ཡུག་རྒྱན་རྩེད་བྱེད་པའི་མཇུག་འབྲས་ཀྱིས་བོད་ཙམ་མ་ཟད། རྒྱ་ནག་དང་འཛམ་གླིང་ཧྲིལ་པོར་གསོ་ཐབས་མེད་པའི་གནོད་སྐྱོན་ཐེབས་སྲིད་པ་ཡིན།

དེ་རིང་ནི་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་གཏན་འབེབས་གནང་ནས་མི་ལོ་ ༧༦ འཁོར་བའི་དུས་ཆེན་ཡང་འཁེལ་ཡོད་ཅིང། བསྒྲགས་གཏམ་འདིའི་ནང་། བསམ་བློ་དང་ཆོས་དད། སྨྲ་བརྗོད་དང་། འདུ་འཛོམས་ཀྱི་རང་དབང་ནི་སུས་ཀྱང་བཙན་འཕྲོག་བྱེད་མི་ཆོག་པའི་འགྲོ་བ་མིའི་ལྷན་སྐྱེས་ཀྱི་ཐོབ་ཐང་ཡིན་པ་དང་། ཤེས་ཡོན་སློབ་གསོས་རྒྱལ་ཁབ་དང་། མི་རིགས། ཆོས་ལུགས་ཕན་ཚུན་དབར་རྒྱུས་ལོན་དང་། བཟོད་བསྲན། མཛའ་གཅུགས་སྐུལ་སྤེལ་གཏོང་དགོས་པ་དང་། བུ་ཕྲུག་གིས་སློབ་གསོ་གང་ཞིག་འདེམས་མིན་ཐོག་ཕ་མར་ཐོབ་ཐང་ཡོད་སྐོར་གསལ་འཁོད་བྱས་ཡོད་པ་སོགས་བཀའ་ཤག་གི་བསྒྲགས་གཏམ་སྙན་སྒྲོན་ཞུས་སོང།

གསར་འགོད་པ། བློ་བཟང་རྒྱ་མཚོ།