༧གོང་ས་མཆོག་ལ་བཟོད་གསོལ་ཞུ་ཆེད་མཇལ་ཁ་ངང་སྒུག་ཞུས་བསྡད་ཡོད།

ཟླ་འདིའི་ཚེས་༧ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ཀྱིས་དྷ་ས་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། ཁོང་གཉིས་སྲིད་སྐྱོང་འོས་མིར་ལངས་པའི་བརྒྱུད་རིམ་ཁྲོད་མ་འགྲིག་ས་བྱུང་བ་མི་མང་ལ་དགོངས་དག་དང་། ༧གོང་ས་མཆོག་ལ་དགོངས་སེལ་ཞུ་རྒྱུ། དེ་བཞིན་ཁོང་གཉིས་ཀྱི་རྒྱབ་སྐྱོར་བ་ཚོར་མུ་མཐུད་ཆིག་སྒྲིལ་ལ་ནུས་པ་འདོན་རོགས་ཞུ་རྒྱུ་ཡིན་སྐོར་གསུངས་སོང་།

l_P_2016_4_7ཚོགས་གཙོ་སྤེན་པ་ཚེ་རིང་གིས་གསར་འགོད་ལྷན་ཚོགས་དེ་བསྐོངས་དགོས་དོན་དང་འབྲེལ་ནས་གསུང་དོན། “ང་ཚོས་གསར་འགོད་ལྷན་ཚོགས་དེ་འདྲ་འཚོགས་པའི་སྐབས་ལ། ང་ཚོས་དེ་ནས་མར་ཞུ་དགོས་པ་དེ་ཞུས། དེའི་རྗེས་ལ་དྲི་བ་དྲིས་ལན་གྱི་དུས་ཚོད་ཕུལ་གྱི་ཡོད་རེད། ཡིན་ནའང་དེ་རིང་གཙོ་བོ་དེ་དཔལ་ལྡན་སྲིད་སྐྱོང་མཆོག་དང་ངེད་གཉིས་ཀྱི་ཞུ་རྒྱུ་དེ་མང་ཚོགས་ཀྱི་བདེ་རྩའི་ཆེད་དུ་ཡིན་པས། ཞུ་དགོས་དོན་གཙོ་བོ་དེ་མང་ཚོགས་ལ་འཁྱོལ་བའི་ཆེད་དུ་ཡིན། མ་འོངས་པར་ང་ཚོས་དེ་ལ་གསར་འགོད་ལྷན་ཚོགས་དང་དྲི་བ་དྲི་ལན་བྱེད་དགོས་པ་ཆགས་སྲིད་ཀྱི་རེད། དེའི་སྐབས་སུ་གོ་སྐབས་ཕུལ་ཆོག་”ཅེས་ད་ཐེངས་གསར་འགོད་པའི་དྲི་བར་ལན་འདེབས་མེད་སྐོར་གསུངས་སོང་།

ཚོགས་གཙོས་མུ་མཐུད་གསུང་དོན། “དེ་རིང་དཔལ་ལྡན་སྲིད་སྐྱོང་མཆོག་དང་ངེད་གཉིས་བཀའ་སྤྱི་ལྷན་རྒྱས་ཐོག་ནས་རེད། ལྷག་པར་དུ་ངེད་གཉིས་ཀྱང་སྲིད་སྐྱོང་འོས་མི་ཆགས་བསྡད་ཀྱི་ཡོད་པས། བར་ལམ་ཟླ་༣ པའི་ཚེས་༢༣ ལ་ང་རང་ཚོའི་ལས་དོན་བྱེད་ཕྱོགས་སྤྱི་དང་བཟང་སྤྱོད་ཀྱི་ཐོག་ནས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་ལ་མ་བབས་པའི་གནས་ཚུལ་བྱུང་བ་རེད། དེ་བཞིན་ལྷ་སྲུང་མ་ཆོས་སྐྱོང་རྣམ་པའི་བཀའ་ལུང་ནང་ལའང་བར་ལམ་ང་ཚོའི་འོས་བསྡུ་དང་འབྲེལ་ནས་འོས་མི་བཞེངས་མཁན་དང་རྒྱབ་སྐྱོར་གནང་མཁན་ཚོའི་བྱ་སྤྱོད་ཀྱི་རྣམ་པའི་ཐོག་ནས། ཆོལ་ཁ་དང་ཕྱོགས་རིས་ཀྱི་རྣམ་འགྱུར་མང་པོ་ཐོན་པའི་རྐྱེན་གྱིས། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་བྱུང་བའི་གནས་ཚུལ་ཡོང་བ་རེད། ང་ཚོས་༧སྤྱི་ནོར་༧གོང་ས་མཆོག་ལ་སྙིང་ཁོང་རུས་པའི་གཏིང་ནས་བཟོད་གསོལ་ཞུ་ཆེད་མཇལ་ཁ་ངང་སྒུག་ཞུས་བསྡད་ཡོད། འོས་བསྡུའི་ལས་རིམ་གྱི་ཐོག་ནས་ད་ལྟ་བར་དུ་བྱུང་ཚར་བ་དེ་ཚོ་བྱུང་ཚར་བ་ཡིན་པས། ད་ལྟ་བཅོས་རྒྱུའི་ཐབས་ལམ་ཡོད་མ་རེད། འོན་ཀྱང་གཙོ་བོ་དེ་མ་འོངས་པར་ང་ཚོས་ག་འདྲ་བྱེད་དགོས་མིན་དེ་རེད། ང་རང་གཉིས་སྒེར་གྱི་ཐོག་ནས་མ་འཆམ་པའི་རྒྱུ་མཚན་རྩ་བ་ཉིད་ནས་ཡོད་མ་རེད། དེ་བཞིན་ཕན་ཚུན་འཁོན་འཛིན་བྱེད་དགོས་པའི་གནས་སྟངས་རྩ་བ་ཉིད་ནས་མེད། མང་ཚོགས་ངོས་ནས་མ་འོངས་པར་ང་ཚོ་བོད་ཆོལ་ཁ་གསུམ་དེ་གཅིག་ཏུ་བསྒྲིལ་ནས་ནུས་པ་མཉམ་སྤུངས་བྱེད་པའི་འགན་དེ་ང་ཚོ་ཚང་མ་ལ་ཡོད་པས། དེ་སྔོན་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་གནམ་ཐང་ལ་བཀའ་སློབ་གནང་བ་ལྟར། ངེད་གཉིས་ཀྱི་ལག་པ་ལ་༧སྐུ་མདུན་གྱི་ཕྱག་གིས་འཇུས་ནས། ཆོལ་ཁ་གསུམ་པོ་ཆིག་སྒྲིལ་ཡོང་བར་ཁྱེད་རང་གཉིས་ཀ་ལ་འགན་ཡོད་རེད་ཅེས་གསུངས་པ་ནང་བཞིན་བྱས་ནས། དེ་རིང་སླར་ཡང་ང་རང་གཉིས་ཀྱིས་འབོད་སྐུལ་ཞུ་རྒྱུ་ལ། ད་ང་ཚོའི་འོས་བསྡུའི་ལས་རིམ་དེ་ཚར་བ་རེད། རྩ་བའི་འོས་བསྡུའི་ལས་རིམ་སྐབས་ལ་སོ་སོས་སུ་ལ་རྒྱབ་སྐྱོར་བྱེད་མི་བྱེད་དེ་སོ་སོའི་འདོད་པ་རེད། ཡིན་ཡང་གཞི་མེད་ཀྱི་སྐྱོན་བརྗོད་བྱེད་རྒྱུ་དང། ཉེ་ཆར་ང་ཚོས་སྤྱན་འདྲེན་ཞུས་པའི་སྐབས་སུ་ལྷའི་བཀའ་ལུང་དེ་ཚོ་ཡང་བཟོ་བཅོས་བྱས་ནས་གང་བྱུང་བཏང་བསྡད་པ་དེ་ཚོ་ཐབས་སྐྱོ་པོའི་གནས་ཚུལ་རེད། ང་ཚོ་མི་ཙམ་མ་རེད་ལྷ་ཡིན་ཡང་དེ་ངས་བཤད་མེད་ཅེས་ཞུ་དགོས་པའི་གནས་སྟངས་ཆགས་བསྡད་ཡོད་རེད། དེར་བརྟེན་ཕྱོགས་ཕན་ཚུན་ཚང་མས་གནོད་སྐྱེལ་བའི་ལས་ཀ་མི་བྱེད་ནས། ༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་སྒྲུབ་རྒྱུ་དང། དེ་བཞིན་བོད་དོན་བདེན་མཐའ་གསལ་ཆེད་དུ་ཚང་མས་མཉམ་རུབ་ཀྱི་ཐོག་ནས་ལས་ཀ་བྱེད་རོགས་ཞེས་ཞུ་རྒྱུ་”ཡིན་ཞེས་གསུངས་སོང་།

ཁོང་གིས་མུ་ཐུད་གསུང་དོན། “སྐུ་ངོ་སྲིད་སྐྱོང་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་ནའང་རེད། ང་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་ཡིན་ནའང་རེད། ད་ཚང་མས་ད་ལྟ་ཕན་ཆད་ཀྱི་གནས་ཚུལ་དེ་ཚོ་ཕར་བཞག་ནས། ད་ང་ཚོའི་གཅིག་སྒྲིལ་གྱི་ནུས་པ་སྤུངས་ནས་མཉམ་རུབ་ཀྱིས་འགྲོ་རྒྱུ་དེ་གལ་ཆེན་པོ་རེད། དེ་བཞིན་ད་ཕྱིན་ཆད་ནས་གཅིག་གིས་གཅིག་ལ་གནོད་ཆེད་དང། ང་ཚོའི་ཆིག་སྒྲིལ་གྱི་ནུས་པ་གཏོར་བཤིག་གཏོང་བའི་ལས་ཀ་སུས་བྱེད་ཀྱི་ཡོད་ན་མ་བྱེད་རོགས་ཞེས་ཞུ་རྒྱུ་ཡིན། ད་ལྟའི་སྲུང་མའི་བཀའ་ལུང་བཅོས་པ་དེ་དོགས་པ་མང་བ་དེ་དོལ་རྒྱལ་བསྟེན་མཁན་ཚོ་ཡིན་ནའང་རེད། ཡང་ན་རྒྱ་ནག་གཞུང་གི་རྒྱུག་ཁྱི་དེ་འདྲ་ཞིག་གིས་བྱེད་ཀྱི་ཡོད་པའི་དོགས་པ་ཤར་ཡོང་གི་འདུག ད་ཕྱིན་ཆད་ནས་ང་རང་ཚོའི་རྒྱབ་སྐྱོར་བྱེད་མཁན་ཚོ་ཆིག་སྒྲིལ་བྱེད་རྒྱུ་དང། ད་ཕྱིན་ཆད་ནས་དེ་འདྲ་བྱུང་བ་ཡིན་ན། རྒྱ་ནག་གཞུང་གི་རྒྱུག་ཁྱི་དང་དོལ་རྒྱལ་བསྟེན་མཁན་གྱི་ལག་ཆར་འགྱུར་བར་ངོས་འཛིན་བྱེད་རྒྱུ་ཡིན་ཞེས་ཞུ་རྒྱུ་དང། ངས་ལག་གཉིས་ཐལ་མོ་སྦྱར་ནས་ཞུ་ཡི་ཡོད། ང་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་ལ་དེ་སྔ་ཞུས་པ་ཡིན། སོ་སོའི་བཤད་དགོས་པ་དེ་ཚོ་གཞི་རྩ་ཡོད་པའི་ཐོག་ནས་བཤད་དགོས་པ་རེད་མ་གཏོགས་གཞི་རྩ་མེད་པའི་ཐོག་ནས་རྫུན་བཤད་པ་མ་གནང་རོགས་ཞེས་དང། དེ་བཞིན་སྐད་འཕྲིན་ཚོགས་པ་དེ་ཚོ་ཡིན་ནའང་འོས་བསྡུའི་ལས་རིམ་ཚར་བའི་རྗེས་ལ་མཚམས་བཞག་རོགས་ཞེས་ཞུས་པ་ཡིན། མང་པོ་ཞིག་གིས་དེ་འདྲ་གནང་འདུག རྒྱབ་སྐྱོར་གནང་མཁན་ཚང་མར་ད་ནས་བཟུང་བོད་སྤྱི་པའི་ཆེད་དུ་ནུས་པ་མཉམ་སྤུངས་བྱེད་རོགས་ཞེས་ཞུ་རྒྱུ་ཡིན་”ཞེས་གསུངས་པ་དང་། ཁོང་གིས་མཇུག་ཏུ་“བོད་ནང་ཡོད་པའི་བོད་མི་ཚོར་ཐུགས་ཕམ་དེ་འདྲ་བྱུང་ཡོད་ན། ངེད་གཉིས་ཐུན་མོང་ཐོག་ནས་དགོངས་སེལ་ཞུ་རྒྱུ་དང་། མ་འོངས་པར་བློ་བདེ་པོ་བྱས་ནས་བཞུགས་རོགས། ངེད་གཉིས་ཀྱིས་མཐུན་སྒྲིལ་ཡོང་རྒྱུར་འབད་བརྩོན་གང་ཐུབ་ཞུ་ཡི་ཡིན་”ཞེས་གསུངས་སོང་།

p_l_2016_4_7སྲིད་སྐྱོང་བློ་བཟང་སེང་གེས་གསུང་དོན། “སྲིད་སྐྱོང་འོས་མི་དང་དཔལ་ལྡན་ཚོགས་གཙོས་བཀའ་གནང་བ་དེ་དང་མི་མང་ལ་འབོད་སྐུལ་ཞུས་པ་དེར་ང་རང་གིས་རྒྱབ་སྐྱོར་དང་མོས་མཐུན་ཡོད། ཉེ་ཆར་བཀའ་ལུང་ནང་ཕེབས་པ་བཞིན་གཙོ་བོ་མི་མང་ནང་དམ་ཚིག་དང་། རྡོག་རྩ་ཆིག་སྒྲིལ་དགོས་པ་རེད། དེ་ཡོད་ན་སྤྱི་མཐུན་གྱི་བསོད་ནམས་གསོག་གི་ཡོད་པ་དང་། སྤྱི་མཐུན་གྱི་བསོད་ནམས་ག་ཚོད་ཡོད་ན་དེ་ལ་དཔག་པའི་༧གོང་ས་མཆོག་གི་སྐུ་ཚེ་དང་ཐད་ཀར་འབྲེལ་བ་ཡོད་པས། ང་ཚོའི་སྤྱི་ཚོགས་ནང་དམ་ཚིག་གཙང་མ་དང་། རྡོག་རྩ་ཆིག་སྒྲིལ། མཐུན་སྒྲིལ་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད། དེར་བརྟེན་འོས་བསྡུའི་སྐབས་རྒྱབ་སྐྱོར་གནང་མཁན་དང་མི་མང་ཚང་མར་འབོད་སྐུལ་ཞུ་རྒྱུར། འོས་བསྡུའི་ལས་རིམ་ཚར་པ་རེད། ང་ཚོ་ཚང་མ་རྡོག་རྩ་ཆིག་སྒྲིལ་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད། འོས་བསྡུའི་སྐབས་ཏན་ཏན་མི་མང་ནང་ཐུགས་ཕམ་དགོས་པའི་གནས་ཚུལ་ཆགས་ཡོད་པ་དང་། མི་མང་ལ་བཟོད་གསོལ་ཞུ་རྒྱུ་དང་། དེའི་ནང་ནས་༧གོང་ས་མཆོག་གིས་ཉེ་ཆར་བཀའ་སློབ་ནན་པོ་ཕེབས་ཡོད་པ་རེད། དེ་སེམས་ལ་ཉར་ནས་དགོངས་པ་མ་དག་བར་དུ་དགོངས་སེལ་ཞུ་རྒྱུ་དང་། བཀའ་སློབ་གནང་བ་དེ་སེམས་ལ་བཞག་ནས་ལག་བསྟར་བྱེད་རྒྱུ་གལ་ཆེ་ཤོས་རེད། བཀའ་ཤག་འདིའི་ཐོག་ནས་འཕྲོད་བསྟེན་གྱི་སྐོར་དང་། ཉམ་ཐག་གི་སྐོར་དང་། ཡ་རབས་བཟང་སྤྱོད་ཀྱི་སྐོར། འོས་བསྡུའི་སྒྲིག་གཞིའི་སྐོར་སོགས་ད་ལྟ་བར་བཀའ་སློབ་ཕེབས་པ་དེ་གལ་ཆེན་པོར་བརྩིས་ནས་ལས་རིམ་བང་སྒྲིག་གི་ཡོད་ལ། མ་འོངས་བཀའ་ཤག་གིས་ལག་བསྟར་གནང་རྒྱུར་ངོས་འཛིན་གྱི་ཡོད། གང་ཡིན་ཞེ་ན་ང་ཚོ་ཚང་མར་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་ལས་ལྷག་ཡོད་པ་མ་རེད། བོད་ཀྱི་ལོ་རྒྱུས་ནང་གཟིགས་ནའང་རེད། བོད་ཕྱི་ནང་གི་མི་མང་རྡོག་རྩ་ཆིག་སྒྲིལ། བོད་ནང་གི་བོད་མིའི་སྙིང་སྟོབས་ལ་གཟིགས་ནའང་རེད། བཙན་བྱོལ་ནང་གང་ཡང་མེད་པའི་ཐོག་ནས་ད་ལྟ་ཆ་ཚང་ཡོད་པ་དང་འཛམ་གླིང་གི་སྡིངས་ཆའི་ཐོག་ལ་འགྲོ་ཐུབ་པ་དེ་ཚོ་ཁོང་གི་བཀའ་དྲིན་ལ་བརྟེན་བྱུང་བ་ཞིག་རེད། ཁོང་ལས་བཀའ་དྲིན་ཆེ་བ་ཞིག་མེད་པས་ང་ཚོས་བླ་ན་མེད་པའི་དབུ་ཁྲིད་ཀྱིས་བཀའ་སློབ་གནང་བ་དེ་ལག་བསྟར་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད་ལ། དེ་ལག་བསྟར་བྱེད་རྒྱུ་ང་རང་ལ་དམ་བཅའ་གཙང་མ་ཡོད། དམ་ཚིག་དང་། མཐུན་སྒྲིལ་ཚད་མཐོན་པོ་སྔར་ལྷག་ཡོང་རྒྱུར་འབད་བརྩོན་ཞུ་རྒྱུར་གྲ་སྒྲིག་ཨང་གསར་ཡོད་”ཅེས་གསུངས་སོང་།

ཁོང་གིས་འོས་བསྡུའི་སྐབས་ཀྱི་གནས་ཚུལ་དང་འབྲེལ་ནས་གསུང་དོན། “འོས་བསྡུ་སྐབས་ལ་བྱུང་བ་དང་། ད་ལྟ་ཡིན་ནའང་ཆོལ་ཁའི་འཐེན་འཁྱེར་ཟེར་ནའང་རེད། འཁྱོག་བཤད་ཟེར་ནའང་རེད། དེ་མུ་མཐུད་ད་དུང་འགྲོ་བསྡད་འདུག དེར་བརྟེན་ང་རང་གིས་དཔལ་ལྡན་ཚོགས་གཙོས་ཁོང་གི་རྒྱབ་སྐྱོར་བ་ཚོར་བཀའ་གནང་བ་བཞིན། ང་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མས་འོས་བསྡུའི་ལས་རིམ་མཚམས་འཇོག་བྱས་ཏེ། བོད་མི་ཞིག་ཡིན་པའི་ཆ་ནས་ང་ཚོའི་ཆིག་སྒྲིལ་ལ་ཕན་པའི་འགན་ཁུར་ནས་མུ་མཐུད་ཕྱག་ལས་གནང་རོགས་ཞུ་རྒྱུ་ཡིན། མི་མང་ནས་ང་ཚོ་སྤྱི་བར་བསམ་བློ་བཏང་ནས་བོད་ཕྱི་ནང་གཉིས་ཀྱི་མངོན་འདོད་འགྲུབ་ཆེད་དུ་སྐུ་ལས་བསྐྱོན་རྒྱུ་གལ་ཆེན་པོ་རེད། དེའི་ཐོག་རྡོག་རྩ་ཆིག་སྒྲིལ་གྱིས་ནུས་པ་འདོན་རོགས་ཞུ་རྒྱུ་ཡིན་”ཞེས་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར་དང་སྐལ་བཟང་དོན་གྲུབ།