༧གོང་ས་མཆོག་ལ་བརྟེན་ནས་བོད་དོན་ལ་སེམས་ཁུར་བྱེད་བཞིན་ཡོད་སྐོར་གསུངས་འདུག
རྒྱ་གར་ནང་བོད་མི་བཙན་བྱོལ་བ་ཉུང་ཤས་ལས་མེད་ཀྱང་། ༧གོང་ས་མཆོག་གི་ཡོན་ཏན་དང་མཛད་བཟང་ལ་བརྟེན་ནས། བོད་དོན་ཐོག་འཛམ་གླིང་ཡོངས་ཀྱིས་སེམས་ཁུར་བྱེད་བཞིན་ཡོད་སྐོར་རྩོམ་པ་པོ་ཨ་རུན་ཤོ་རིས་གསུངས་ཡོད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༥ ཡི་ཉིན་རྒྱབ་ཏུ་༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྟེན་གཞི་བྱས་པའི་རྒྱ་གར་གྱི་རྒྱལ་སྤྱིའི་བསྟི་གནས་ཁང་གི་ཚོགས་ཁང་དུ། རྩོམ་པ་པོ་སྐུ་ཞབས་ཨ་རུན་ཤོ་རི་ཡི་གསུང་རྩོམ་“སྐྱེས་ཆེན་གཉིས་” ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་མཛད་པ་དང་། མཛད་སྒོའི་ཐོག་ འབུམ་རམས་པ་ཀ་པི་ལ་ཝེ་ཏི་ས་ཡ་ཡན་དང་། དཔེ་དེབ་རྩོམ་པ་པོ་སྐུ་ཞབས་ཨ་རུན་ཤོ་རི། ཁོང་གི་བུ་ཨ་དྷི་ཏ་ཡ་སོགས་ཕེབས་ཡོད་འདུག
བྷེ་ཇེ་པི་ཆབ་སྲིད་ཚོགས་པའི་ཚོགས་མི་ཡིན་པ་རྩོམ་པ་པོ་སྐུ་ཞབས་ཨ་རུན་ཤོ་རིས་བརྩམས་པའི་དཔེ་དེབ་དེ་ནི་རྒྱ་གར་གྱི་ཆོས་ལུགས་བླ་ཆེན་ར་མ་ཀི་རི་ཤཱ་ན་པར་མ་ཧན་ས་དང་། རཱ་མ་ན་མ་ཧཱ་ར་ཤི་གཉིས་ཀྱི་རྣམ་ཐར་དང་འབྲེལ་བའི་ཆེད་རྩོམ་ཞིག་ཡིན་པ་རེད།
དེ་ཡང་མཛད་སྒོའི་ཐོག་སྐུ་ཞབས་ཨ་རུན་ཤོ་རི་ཡིས་༧གོང་ས་མཆོག་གི་བླ་ན་མེད་པའི་ཡོན་ཏན་དང་མཛད་བཟང་ལ་བརྟེན་ནས། རྒྱ་གར་ནང་བོད་མི་བཙན་བྱོལ་བ་ཉུང་ཤས་ལས་མེད་ཀྱང་། བོད་དོན་ཐོག་འཛམ་གླིང་ཡོངས་ཀྱིས་སེམས་ཁུར་བྱེད་བཞིན་ཡོད་སྐོར་གསུངས་འདུག
༧གོང་ས་མཆོག་གིས་བཀའ་སློབ་གནང་སྐབས། ཁོང་གིས་འདས་པའི་མི་ལོ་༥༨ རིང་རྒྱ་གར་དུ་བཙན་བྱོལ་དུ་བཞུགས་པའི་རིང་ངོ་ཤེས་གྲོགས་པོ་རྙིང་པ་མང་པོ་ཞིག་ཡོད་པ་རྣམས་དེར་མཇལ་རྒྱུ་བྱུང་སྟབས་ཁོང་ཐུགས་དགྱེས་པོ་བྱུང་ཡོད་སྐོར་དང་། དེ་བཞིན་ཁོང་གི་སྐུ་ལུས་བོད་མིའི་ཤ་ཁྲག་རུས་གསུམ་ལས་གྲུབ་པ་ཞིག་ཡིན་རུང་། ཁོང་གིས་གནའ་བོའི་རྒྱ་གར་གྱི་གཙུག་ལག་ཁང་ཆེན་མོ་དཔལ་ནཱ་ལེནྡྲ་ནས་བྱུང་བའི་ལེགས་བཤད་རྣམས་ལ་སློབ་སྦྱོང་གནང་ཡོད་སྟབས། དེར་ཡོད་ཀྱི་རྒྱ་གར་བ་ཚོ་ལས་ཁོང་སྲོལ་རྒྱུན་ལམ་ལུགས་ཀྱི་ཐོག་ནས་རྒྱ་གར་བ་ཚད་ལྡན་ཞིག་ལ་ངོས་འཛིན་བྱེད་ཆོག་སྲིད་པ་ཡིན་སྐོར་ཀུ་རེ་དང་སྦྲགས་ནས་གསུངས་ཡོད་པ་རེད།
དེ་བཞིན་༧གོང་ས་མཆོག་གིས། རྩོམ་པ་པོ་ཨ་རུན་ཤོ་རི་ལ་བུ་གྲིབ་སྐྱོན་ཤོར་བ་ཞིག་ཡོད་པ་དེར་རྩོམ་པ་པོས་བྱམས་སྐྱོང་བླ་ན་མེད་པ་གནང་བཞིན་པར་རྗེས་སུ་ཡི་རངས་ཡོད་སྐོར་ཡང་གསུངས་ཡོད་དང་། ཕྱིའི་དངོས་པོའི་འཛུགས་སྐྲུན་དེ་ཤིན་ཏུ་ནས་གལ་ཆེ་རུང་། དེ་དང་ལྷན་གཅིག་ཏུ་ནང་བསམ་པའི་གཤིས་སྤྱོད་བཟང་པོ་རྣམས་གོང་མཐོར་གཏོང་དགོས་རྒྱུ་ནི་དེ་ལས་ཀྱང་གལ་ཆེ་བ་ཡིན་སྐོར་དང་། རྒྱ་གར་ལ་གནའ་དེང་ཟུང་འབྲེལ་གྱི་ཐོག་ནས་ཞི་བདེ་བསྐྲུན་རྒྱུའི་ནུས་པ་ཡོ་པས། འཛམ་གླིང་ཞི་བདེ་ཡོང་བར་ཐོག་མར་མི་སྒེར་སོ་སོའི་བསམ་བློ་དེ་ཞི་བདེ་བག་ཕེབས་བཟོ་དགོས་སྐོར། རྒྱ་གར་བ་རྣམས་ཀྱིས་རང་རང་གི་ཕ་མེས་ནས་བརྒྱུད་པའི་སྲོལ་རྒྱུན་གྱི་བཟང་པོའི་ཡོན་ཏན་རྣམས་ལ་བསླབ་པ་སློབ་གཉེར་མཛད་ནས་བདག་པོ་གནང་དགོས་པའི་རེ་སྐུལ་ཡང་གནང་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།