སྲིད་སྐྱོང་གིས་༧གོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་ཞུ་མཁན་ལ་ལན་འདེབས་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་༧གོང་ས་མཆོག་ལ་མཚན་སྨོད་སྐུར་འདེབས་ཞུས་ན་ཁེ་སང་དེ་རྒྱ་ནག་ལ་རག་གི་ཡོད་པ་དང་། ད་ལྟའི་ཆར་རྒྱ་ཁྱབ་ཏུ་འགྲོ་བཞིན་པའི་བརྙན་ཐུང་དང་འབྲེལ་བའི་ཐོག་དོ་བདག་ཕྲུ་གུ་དང་ཕྲུ་གུའི་ཕ་མ་གཉིས་ཀས་རྙོག་ཁྲ་གང་ཡང་བཤད་ཀྱི་མེད་པ་དང་། གནས་ཚུལ་དེ་རྒྱ་ནག་གིས་ཆེད་མངགས་༧གོང་ས་མཆོག་དང་ཁོང་གི་མཚན་སྙན་ལ་མཚན་སྨོད་སྐུར་འདེབས་ཆེད་སྤེལ་ཞིང་། ཐེངས་འདིའི་དོན་རྐྱེན་ལ་བརྟེན་ནས་ཕོག་ཐུག་ཤོར་ཡུལ་ངོ་མ་ནི་༧གོང་ས་མཆོག་ཆགས་ཡོད་ཅེས་གསུངས་འདུག

ཟླ་འདིའི་ཚེས་༡༤ ཉིན(WION) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་༧གོང་ས་མཆོག་དང་འབྲེལ་བའི་བརྙན་ཐུང་ཞིག་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་གདལ་མྱུར་པོ་འགྲོ་བཞིན་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བཅར་འདྲི་ཞིག་བྱས་པའི་ལན་དུ། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ང་ཚོས་རྟོག་ཞིབ་བྱས་པའི་བརྒྱུད་གསར་འགྱུར་དེ་ཐོག་མ་རྒྱ་ནག་དང་མཐུན་ཕྱོགས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་ཡོད་པ་ཤེས་རྟོགས་བྱུང་ཞེས་བརྗོད་འདུག་ལ། ༧གོང་ས་མཆོག་དང་ཁོང་གི་མཚན་སྙན་ལ་སྐུར་འདེབས་བྱས་ན་ཁེ་སང་དེ་སུ་ལ་རག་གི་ཡོད་པ་ང་ཚོས་གསལ་བོ་ཤེས་ཤེས་པ་རེད། ཁེ་སང་རག་མཁན་དེ་ནི་རྒྱ་ནག་གཞུང་རེད་ཅེས་བརྗོད་འདུག

དེ་བཞིན་སྲིད་སྐྱོང་མཆོག་གིས་ང་ཚོས་དོན་རྐྱེན་དེ་གང་ནས་ཡོང་བ་ཤེས་དགོས། དོན་རྐྱེན་དེ་ཕྱི་ཟླ་༢ ཚེས་༢༨ ཉིན་མི་མང་དང་གསར་འགྱུར་བརྒྱུད་ལམ་ཚང་མ་ཡོད་ས་ལ་བྱུང་བ་ཞིག་རེད། གནས་ཚུལ་དེ་བྱུང་ནས་ཟླ་བ་གཅིག་དང་ཉིན་བཅུའི་རྗེས་སྤེལ་བ་ཞིག་ཆགས་ཡོད་ཅེས་གསུངས་འདུག

ད་ལྟ་ཁྱབ་བརྡལ་དུ་འགྲོ་བཞིན་པའི་བརྙན་ཐུང་དེ་ནི་ལོ་འདིའི་ཟླ་བ་༢ ཚེས་༢༨  ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་སྤྱི་ཚོགས་བདེ་དོན་ཐོག་ཕྱག་ལས་གནང་མཁན་རྒྱ་གར་གྱི་གཞུང་འབྲེལ་མ་ཡིན་པའི་ཐེབས་རྩ་ཚོགས་པ་(M3M Foundation) ཞེས་པའི་ཚོགས་པའི་སྡེ་ཚན་ཁག་གི་ལས་བྱེད་དང་། ཉེ་ཆར་ལས་རིགས་ཁག་གི་ཐོག་བསླབ་པ་མཐར་སོན་གྱི་སློབ་ཕྲུག་༡༢༠ ལ་བཀའ་སློབ་བསྩལ་པའི་སྐབས་ཀྱི་བརྙན་གྱི་ཟུར་ཞིག་ཆགས་ཡོད་འདུག།

གསར་འགོད་པ།་བློ་བཟང་རྒྱ་མཚོ།