༧གོང་ས་མཆོག་ལ་རྒྱལ་སྤྱིའི་ཆབ་སྲིད་མཛད་བཟང་གི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་འདུག
༸གོང་ས་མཆོག་གི་བཟང་སྤྱོད་གོང་སྤེལ་ཐད་ཀྱི་མཛད་བཟང་རྣམས་ནི་རྒྱ་གར་གྱི་མེས་པོ་དམ་པ་གཱན་དྷི་ཡི་མཛད་སྤྱོད་དང་མཚུངས་སྐོར་སྐུ་ཞབས་ཨ་རུན་ཤོ་རིས་གསུངས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢༧ ཉིན་གྱི་ཉིན་རྒྱབ་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་གར་གྱི་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་མཁས་དབང་ཨེམ་ཨལ་སོན་དྷི་(Manohar Lal Sondhi)རྗེས་དྲན་ཐེབས་རྩ་ཁང་དང་། ཨེམ་ཨལ་སོན་དྷི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ལས་དོན་ཁང་གཉིས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༡༦ ལོའི་མཁས་དབང་ཨེམ་ཨལ་སོན་དྷི་རྗེས་དྲན་གྱི་གཟེངས་རྟགས་༧གོང་ས་མཆོག་ལ་ཕུལ་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་གཞུང་གི་བློན་ཆེན་ཟུར་པ་ཨ་རུན་ཤོ་རིས་དབུས་པའི་རྒྱ་གར་གྱི་མཁས་དབང་དང་ཆབ་སྲིད་པ། བོད་དོན་རྒྱབ་སྐྱོར་བ་སོགས་གནད་ཡོད་མི་སྣ་མང་པོ་ཞིག་ཕེབས་ཡོད་པ་རེད་འདུག
སྐབས་དེར་༧གོང་ས་མཆོག་གིས་ང་ཚོ་ཚང་མ་བདེ་བ་འདོད་མཁན་དང་སྡུག་བསྔལ་མི་འདོད་མཁན་གྱི་འགྲོ་བ་མི་གཅིག་མཚུངས་ཡིན་པ་དང་། ང་ཚོའི་སྡུག་བསྔལ་མང་དག་ཅིག་ནི་ང་ཚོ་རང་གིས་བཟོས་པ་ཡིན་སྐོར། ཚན་རིག་པ་ཚོས་ཞིབ་འཇུག་བྱས་པའི་འབྲས་བུར་གཞི་རྩའི་མིའི་རང་བཞིན་སྙིང་རྗེའི་ངོ་བོ་ཅན་ཞིག་ཏུ་ངོས་འཛིན་བྱུང་ཡོད་པས་དེ་ནི་ང་ཚོར་རེ་བ་གསར་པ་ཞིག་ཡིན་སྐོར། གཞན་ཡང་མིའི་རང་བཞིན་དེ་སྙིང་རྗེའི་ངོ་བོ་ཅན་ཞིག་ཡིན་པ་གཞིར་བཞག་ཐོག་ང་ཚོས་ད་ལྟ་ནས་འབད་བརྩོན་བྱས་ན་དུས་རབས་༢༡ པ་འདིའི་མཇུག་ཏུ་འཛམ་གླིང་འདི་སྔར་ལས་ཡག་པ་དང་། ཞི་བདེ་ཆེ་བ་ཞིག་ཏུ་ཡོང་སྲིད་སྐོར་སོགས་གསུངས་ཡོད་པ་རེད་ལ། དེ་བཞིན་ཁོང་གིས་སྐུ་ཞབས་དམ་པ་སོན་དྷི་མཆོག་ནི་དྲང་བདེན་གྱི་ཕྱོགས་གཏོགས་ཤིག་ཡིན་སྟབས་བོད་པའི་ཕྱོགས་གཏོགས་ཤུགས་ཆེན་པོ་མིན་ན་ཡང་། བོད་པའི་གནད་དོན་དེ་བདེན་པ་དང་དངོས་བྱུང་ཞིག་ཡིན་སྟབས་ཁོང་གིས་བོད་དོན་ཐོག་རྒྱབ་སྐྱོར་གནང་ཡོད་སྐོར་སོགས་གསུངས་ཡོད་པ་དང་། དེ་བཞིན་དུས་རབས་༨ པའི་ནང་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་འདྲེན་ཞུས་རྗེས་ནས་བོད་དུ་དཔལ་ན་ལེནྡྲའི་ཆོས་བརྒྱུད་དར་ཁྱབ་གྱུར་ནས་ད་བར་བོད་པ་ཚོས་དེར་སློབ་གཉེར་དང་ཉམས་ལེན་གྱིས་ཉར་ཚགས་བྱས་ཡོད་པ་དང་། བོད་ཀྱི་སྲོལ་རྒྱུན་ནི་ན་ལེནྡྲའི་སྲོལ་རྒྱུན་ཆགས་ཡོད་སྟབས་དེས་འཛམ་གླིང་ཁྱོན་ཡོངས་ལ་ཕན་བདེ་བསྐྲུན་ཐུབ་སྐོར་སོགས་གསུངས་ཡོད་འདུག
དེ་བཞིན་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཨ་རུན་ཤོ་རིས། ༧གོང་ས་མཆོག་གིས་གཟེངས་རྟགས་བཞེས་གནང་བ་ལ་བརྟེན་ནས་གཟེངས་རྟགས་ཀྱི་མཚན་སྙན་ཆེ་རུ་འགྲོ་ཡི་ཡོད་པ་དང་། ༸གོང་ས་མཆོག་གི་བཟང་སྤྱོད་གོང་སྤེལ་ཐད་ཀྱི་མཛད་བཟང་རྣམས་ནི་རྒྱ་གར་གྱི་མེས་པོ་དམ་པ་གཱན་དྷི་ཡི་མཛད་སྤྱོད་དང་མཚུངས་ཚུལ་གསུངས་ཡོད་འདུག
མཁས་དབང་དམ་པ་ཨེམ་ཨལ་སོན་དྷི་ནི་ཕྱི་ལོ་༡༩༣༣ ལོར་འཁྲུངས་ཤིང་། ཁོང་སྐུ་འཚོ་བཞུགས་རིང་རྒྱ་གར་གྱི་ཕྱི་འབྲེལ་མི་སྣ་དང་གྲོས་ཚོགས་འཐུས་མི། རྒྱལ་སྤྱིའི་ཐོག་རྒྱ་གར་གྱི་སྐུ་ཚབ་འཐུས་མི་སོགས་གནང་མྱོང་བའི་ཤེས་ཡོན་པ་ཞིག་དང་། རྒྱ་གར་གྱི་ཆབ་སྲིད་ལོ་རྒྱུས་ཁྲོད་མི་སྣ་གལ་ཆེན་ཞིག་ཡིན་པ་རེད་འདུག་ལ། ཕྱི་ལོ་༢༠༠༣ ལོར་ཁོང་དགོངས་པ་རྫོགས་རྗེས། དམ་པ་ཁོང་ལ་རྗེས་དྲན་དང་ཁོང་གི་བླ་མེད་ཀྱི་མཛད་རྗེས་རྣམས་རྒྱུན་འཛིན་གོང་སྤེལ་གཏོང་སླད་༢༠༠༦ ལོ་ནས་བཟུང་རྒྱལ་སྤྱིའི་ཆབ་སྲིད་ཐོག་ནས་འཛམ་གླིང་ཞི་བདེ་གོང་འཕེལ་དང་རྩོད་རྙོག་ཞི་འཇགས་ཡོང་ཐབས་ཐད་མཛད་རྗེས་རླབས་ཆེན་ཡོད་མཁན་གྱི་མི་སྣ་རྣམས་ཆེ་བསྟོད་དུ་རྗེས་དྲན་གཟེངས་རྟགས་དེ་འབུལ་གྱི་ཡོད་པ་ལྟར་ཕྱི་ལོ་༢༠༡༦ ལོའི་ཆེ་བསྟོད་གཟེངས་རྟགས་དེ་ད་ཐེངས་༧གོང་ས་མཆོག་ལ་འབུལ་བ་ཞིག་ཡིན་པ་རེད། གཟེངས་རྟགས་འདི་སུ་ལ་ཕུལ་མིན་ནི་གྲོས་ཚོགས་ཀྱི་ཚོགས་མི་དང་། གཙུག་ལག་སློབ་གྲྭའི་སློབ་དཔོན། གསར་འགོད་པ་གྲགས་ཅན། གཞུང་གི་གནད་ཡོད་ལས་ཟུར་པ་བཅས་ལས་གྲུབ་པའི་འོས་མི་འདེམས་སྒྲུག་ཚོགས་ཆུང་གིས་འདེམས་ཀྱི་ཡོད་པ་རེད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།