༧གོང་ས་མཆོག་ལ་སྐྱོན་བརྗོད་ཤུགས་ཆེ་རུ་གཏོང་དགོས་ཟེར།
བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་གསར་པ་ཝུའུ་དབྱིང་ཅེ་(Wu Yingjie)ཡིས། རྒྱ་གཞུང་གི་ངོས་ནས་ངེས་པར་དུ་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་རྒྱུ་ཤུགས་ཆེ་རུ་གཏོང་དགོས་སྐོར་བརྗོད་ཡོད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཏེ། དེ་རིང་ཞོགས་པར་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དེ་རིང་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་གསར་པ་ཝུའུ་དབྱིང་ཅེ་ཡིས། རྒྱ་གཞུང་གི་ངོས་ནས་ངེས་པར་དུ་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་རྒྱུ་ཤུགས་ཆེ་རུ་གཏོང་དགོས་སྐོར་བརྗོད་ཡོད་པ་དང་། དེ་བཞིན་མི་མང་ལ་ཆོས་དད་རང་དབང་མུ་མཐུད་ནས་སྤྲད་དགོས་ཀྱང་། ཆོས་ལུགས་མཐུན་སྒྲིལ་ཡོང་ཕྱིར་བོད་བརྒྱུད་ནང་ཆོས་ལུགས་དང་བོད་ཀྱི་སྤྱི་ཚོགས་རིང་ལུགས་གཉིས་ཀྱི་ཐོག་ལ་ལམ་སྟོན་ཡང་དག་པ་ཞིག་བྱེད་དགོས་སྐོར་བརྗོད་ཡོད་འདུག
དེ་བཞིན་མུ་མཐུད་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ས་ཕྱོགས་གང་སར་ཡོད་པའི་བོད་རིགས་སྐྱབས་བཅོལ་བ་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱས་པ་རྣམས་རྡོག་རོལ་གཏོང་ཕྱིར། རྒྱ་ནག་པེ་ཅིང་གཞུང་གིས་ཁོ་རང་ཚོའི་སྲིད་ཇུས་ཀྱི་འོག་ནས་བོད་ནང་དུ་སྲ་བརྟན་དང་། ཡར་རྒྱས་ཤུགས་ཆེན་པོ་བཏང་ཡོད་སྐོར་ནན་བཤད་བྱས་ཡོད་འདུག
གསར་འགོད་པ་བཀྲ་ཤིས་དོན་གྲུབ།