༧གོང་ས་མཆོག་ལ་ཨ་རིའི་རང་དབང་གཟེངས་རྟགས་འབུལ་བཞེས།

ཟླ་འདིའི་ཚེས་༢༧ ཉིན་ཨ་རིའི་༢༠༡༥ ལོའི་རང་དབང་གཟེངས་རྟགས་དེ་༸གོང་ས་མཆོག་ལ་འབུལ་བཞེས་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་དངོས་སུ་ཕེབས་མ་ཐུབ་པར་སྐུ་ཚབ་ཀྱིས་བླངས་ཡོད་པོ་རེད།

1453ryuuདེ་ཡང་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག ༧གོང་ས་མཆོག་གི་གསུང་འགྱུར་ཐུབ་བསྟན་སྦྱིན་པ་དང་ཀླད་རྩའི་ཚན་རིག་པ་གཙུག་ལག་སློབ་དཔོན་སྐུ་ཞབས་རི་ཆི་ཌེ་ཝི་ཌི་སན། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆ་ཌི་གེར་བཅས་ཀྱིས་གཟེངས་རྟགས་དེ་བླངས་ཡོད་པ་དང་། གཟེངས་རྟགས་ཀྱི་དངུལ་དེ་སེམས་དང་སྲོག་གི་བསྟི་གནས་ཁང་ལ་གནང་ཡོད་པ་རེད།

སྐབས་དེར་༸གོང་ས་མཆོག་གིས་བརྙན་འཕྲིན་བརྒྱུད་ཐུགས་རྗེ་ཆེ་ཞུའི་བཀའ་སློབ་བསྩལ་བའི་ནང་འཁོད་དོན། བརྩེ་བའི་སྤུན་ཟླ་ཕོ་མོ་རྣམས་ལ་ཐོག་མར་ངོས་རང་ལུས་པོའི་འཕྲོད་བསྟེན་གྱི་རྐྱེན་པས་ཐེངས་འདིར་དངོས་སུ་བཅར་ནས་གལ་ཆེའི་གཟེངས་རྟགས་དེ་ལེན་མ་ཐུབ་པར་བློ་འགྱོད་ཧ་ཅང་བྱུང་། དེ་ནི་གཙོ་བོ་སྨན་པས་ངོས་ལ་བརྟག་དཔྱད་གནང་རྗེས་ངལ་གསོ་ཏོག་ཙམ་རྒྱག་དགོས་པའི་ལམ་སྟོན་གནང་བར་བརྟེན་བཅར་མ་ཐུབ་པ་ལས་གཞན་པའི་གནས་ཚུལ་གང་ཡང་མིན། འོན་ཀྱང་བསྟི་གནས་ཁང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་གནང་སྐབས་ངོས་རང་ནང་པའི་དགེ་སློང་དཀྱུས་མ་ཞིག་ལས་གཞན་གང་ཡང་མིན།

འོན་ཀྱང་ངོས་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་གནང་བ་དེ་ནི་གཙོ་བོ་ངོས་ཀྱིས་འཚེ་མེད་ཞི་བ་དང་འཁོན་འཛིན་སྤང་པའི་སྤྱི་ཚོགས་ཤིག་སྐྲུན་ཆེད་ཞབས་འདེགས་ཕྲན་བུ་ཞུ་ཐུབ་པ་དེར་ངོས་འཛིན་གནང་བ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཅེས་སྐབས་དེར་བརྗོད་རྒྱུ་བྱུང།  ཕྱོགས་མཚུངས་ཐེངས་འདིར་ཡང་ཁྱེད་རྣམ་པས་ངོས་ཀྱི་འགྲོ་བ་མིའི་བདེ་དོན་དང་བཟང་སྤྱོད་གོང་སྤེལ་ཐོག་ཞབས་འདེགས་ཕྲན་བུ་ཞུ་ཐུབ་པ་དེར་ངོས་ལེན་གནང་ནས་ངོས་ལ་གཟེངས་རྟགས་འདི་འདྲ་ཞིག་གནང་བར་སེམས་འགུལ་ཧ་ཅང་ཐེབས་བྱུང་། ངོས་རང་མ་འཆི་བར་དུ་རང་དབང་ཐོག་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་སྤེལ་གཏོང་ཐབས་ཆེད་འབད་བརྩོན་གང་ཡོད་ཞུ་རྒྱུ་ཡིན། རང་དབང་ནི་གཞི་རྩའི་འགྲོ་བ་མིའི་རིན་ཐང་ཞིག་ཡིན། རང་དབང་མེད་ན་མིའི་རྣམ་སྤྱོད་ཀྱི་སྩལ་གོང་ནས་གོང་དུ་སྤེལ་རྒྱུའི་གོ་སྐབས་མེད། མི་སྒེར་གྱི་རང་རང་སོ་སོའི་རྣམ་སྤྱོད་ཀྱི་རྩལ་གོང་མཐོར་གཏོང་མ་ཐུབ་ཚེ་ཡར་རྒྱས་འགྲོ་རྒྱུ་ཧ་ཅང་དཀའ། འོན་ཀྱང་རང་དབང་བརྗོད་སྐབས་རང་གཞན་གཉིས་ཕུང་ལ་སྦྱོར་རྒྱུའི་རྣམ་དཔྱོད་གོང་སྤེལ་གཏོང་རྒྱུའི་རང་དབང་ལ་ནམ་ཡང་བརྗོད་ཀྱི་མེད། མིའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་གཞི་རྩར་བཟུང་ནས་རང་དབང་དང་མང་གཙོའི་རིན་ཐང་གོང་མཐོར་གཏོང་རྒྱུའི་སྐད་ཆ་ཤོད་བཞིན་ཡོད་པ་མ་ཟད། རང་དབང་དང་མང་གཙོ་ནི་ང་ཚོ་སྐྱེས་ཙམ་ཉིད་ནས་ཐོབ་ཐང་དེ་དག་རང་ཆས་སུ་ཡོད། དེར་བརྟེན་ངོས་ཀྱིས་འགྲོ་བ་མིའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་རྒྱུ་དེར་རྒྱུ་མཚན་གཉིས་ཡོད། དང་པོ་དེ་ནི་ཚན་རིག་པ་ཁག་གཅིག་གིས་བརྟག་དཔྱད་བྱས་ནས་གྲུབ་དོན་དུ་གཞི་རྩའི་འགྲོ་བ་མིའི་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་དང་། དེ་ནི་གཙོ་བོ་ང་ཚོ་མའི་བྱམས་བརྩེའི་འོག་ནས་འཚར་ལོངས་བྱུང་བ་དང་། ཕྱོགས་གཞན་ནས་གལ་ཏེ་ང་ཚོ་དུས་རྟག་ཏུ་ཁོང་ཁྲོ་དང་ཞེ་སྡང་། འཇིགས་སྣང་སོགས་ཀྱི་འོག་འཚོ་བ་ཡིན་ན་མིའི་ལུས་ཀྱི་འཕྲོད་བསྟེན་ལའང་གནོད་སྐྱོན་ཆེན་པོ་ཡོད་པ་ར་སྤྲོད་བྱུང་ཡོད། དེ་ལས་ལྡོག་སྟེ་བྱམས་བརྩེའི་བསམ་བློ་དེས་ལུས་པོའི་འཕྲོད་བསྟེན་ལའང་ཕན་གྱི་ཡོད། གནས་སྟངས་འདི་ནི་ཚན་རིག་པ་ཁག་ཅིག་གིས་དངོས་སུ་བརྟག་དཔྱད་ཀྱི་ལམ་ནས་ར་སྤྲོད་ཐུབ་པ་བྱུང་ཡོད། དེར་བརྟེན་གཞི་རྩའི་མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཞིག་ཡིན་སྟབས་རེ་བ་རྒྱག་ས་གཅིག་ཡོད།

གཉིས་པ་དེ་ཤེས་ཡོན་དེ་རེད། དེང་དུས་ཤེས་ཡོན་ལམ་ལུགས་ནང་མིའི་ནང་སེམས་བརྒྱུད་གོང་སྤེལ་དང་ཇེ་བཟང་དུ་གཏོང་རྒྱུའི་སྐད་ཆ་གང་ཡང་མེད། རིན་ཐང་དེ་དག་གོང་མཐོར་གཏོང་རྒྱུའི་སྐད་ཆ་ཤོད་སྐབས་ཆོས་དང་འབྲེལ་བ་ཆགས་ཀྱི་ཡོད། ཆོས་ཀྱི་སྐད་ཆ་བཤད་ན་འཛམ་གླིང་གི་མི་འབོར་ཐེར་འབུམ་བདུན་ཡོད་ཁོངས་ནས་ཆོས་ཁས་མི་ལེན་མཁན་ཡང་ཡོད། ཆོས་ཁས་ལེན་མཁན་ཁྲོད་དུའང་དྲང་པོ་བརྗོད་ན་སྐབས་རེ་ཆོས་པ་ཐ་ཤལ་དེ་འདྲའང་ཡོད། དེར་བརྟེན་ནང་གི་བཟང་པོའི་རིན་ཐང་གོང་མཐོར་གཏོང་རྒྱུའི་ཐབས་ལམ་དེ་དག་ཆོས་པ་ཡིན་མིན་དང་ཆོས་ཁས་ལེན་མི་ལེན་ཚང་མར་རིས་མེད་ཐོག་ནས་ཁྱབ་ཐུབ་པ་ཞིག་བྱེད་དགོས། རིས་མེད་ཀྱི་ལྟ་ཚུལ་དེ་རྒྱ་གར་སྲོལ་རྒྱུན་ནས་དར་ཡོད། རྒྱ་གར་གྱི་སྲོལ་རྒྱུན་རིག་གཞུང་ནང་རིས་མེད་བརྗོད་སྐབས་ཆོས་ལུགས་ཚང་མར་གུས་འདུད་བྱེད་དགོས་པ་ཙམ་དུ་མ་ཟད། ཆོས་ཁས་མི་ལེན་མཁན་ལའང་གུས་བརྩི་ཞུ་དགོས་པའི་ལྟ་ཚུལ་དེ་རེད། ལྟ་ཚུལ་འདི་ངོས་ཀྱི་བསམ་པར་དེང་སྐབས་སྤྱི་ཚོགས་ཀྱི་གནས་སྟངས་དང་ཧ་ཅང་འབྲེལ་བ་འདུག དེར་བརྟེན་ངོས་ཀྱིས་འགྲོ་བ་མིའི་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་རྒྱུ་དེ་རིས་མེད་ཀྱི་ལམ་ནས་ཡིན། ཤེས་ཡོན་ལམ་ལུགས་ནང་མིའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་རྒྱུའི་ཐབས་ལམ་སྐོར་འཇོག་དགོས། དེ་ནི་ཆོས་ལུགས་ལ་མ་བརྟེན་པར་ཚན་རིག་གི་གྲུབ་དོན་གཞིར་བཞག་དགོས། དེར་བརྟེན་འདས་པའི་ལོ་ངོ་སུམ་ཅུ་ཙམ་གྱི་རིང་ངོས་ཀྱིས་ཚན་རིག་པ་མང་པོ་ཞིག་དང་ལྷན་བགྲོ་གླེང་བྱས་ནས་མཐར་ང་ཚོས་སེམས་དང་སྲོག ཅེས་པའི་བསྟི་གནས་ཁང་ཞིག་གསར་འཛུགས་བྱས་པ་རེད།

དེར་བརྟེན་དེ་རིང་གཟེངས་རྟགས་འདི་དང་ལྷན་དངུལ་ཕྲན་བུ་ཡོད་པ་དེ་དག་ངོས་ཀྱིས་སེམས་དང་སྲོག་གི་བསྟི་གནས་ཁང་ལ་སྦྱིན་རྒྱུ་ཡིན། ཚན་རིག་ལ་གཞི་བཅོལ་ནས་འགྲོ་བ་མིའི་ནང་གི་བཟང་པོའི་རིན་ཐང་གོང་མཐོར་གཏོང་རྒྱུ་འདི་ཧ་ཅང་གནད་འགག་ཆེན་པོར་བརྩིས་སྟེ་བསྟི་གནས་ཁང་གིས་གནས་སྐབས་རིང་ཚོད་ལྟའི་ཚུལ་དུ། གཞོན་སྐྱེས་ཁག་གཅིག་ལ་ནང་སེམས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་རྒྱུའི་ལས་གཞི་དབུ་འཛུགས་གནང་ཟིན་པ་རེད། རིང་མིན་ང་ཚོས་དངོས་སུ་སྔོན་འགྲོའི་སློབ་གྲྭ་ནས་མཐོ་སློབ་བར་སློབ་ཚན་ནང་ འཇོག་རྒྱུའི་བསླབ་གཞི་རག་ཟིན་ཞིག་གཏན་འབེབ་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད། ཐེངས་འདིར་ཁྱེད་རྣམ་པས་ངོས་ལ་གཟེངས་རྟགས་འདི་འདྲ་ཞིག་གནང་བ་དེས་ལས་དོན་ཐོག་ད་དུང་ཤུགས་རྒྱག་རྒྱུར་སྙིང་སྟོབས་འཕར་མ་ཞིག་སྐྱེས་བྱུང་། དེར་བརྟེན་ངོས་ཀྱིས་སླར་ཡང་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གོ་སྐབས་འདི་བརྒྱུད་ནས་ངོས་ཀྱིས་གྲོགས་པོ་གྲོགས་མོ་རྣམས་ལ་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་འགྱུར་ཡིན། འགྲོ་བ་མིའི་བདེ་དོན་ཆེད་བསམ་བློ་གཏོང་རྒྱུ་དེ་ང་ཚོ་ཚང་མའི་ལས་འགན་རེད། ང་ཚོ་མི་རེ་ངོ་རེས་འཛམ་གླིང་གི་གནས་སྟངས་བཟང་དུ་བཏང་ནས་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་ཐད་བསམ་བློ་གཏོང་དགོས། ཁོར་ཡུག་ཡང་དེའི་ཁོངས་སུ་ཚུད་དགོས།

སྐབས་རེ་དཀའ་ངལ་ཧ་ཅང་ཆེན་པོ་མཐོང་སྐབས་ང་མི་གཅིག་གིས་གང་བྱེད་ཐུབ་རྒྱུ་ མ་རེད་བསམས་ནས་སེམས་ཤུགས་ཆགས་ནས་སྡོད་རྒྱུ་དེ་འདྲ་ཡོང་བཞིན་ཡོད། དེ་འདྲ་མ་རེད། རྒྱལ་སྤྱིའི་ཁྱོན་དུ་ལས་འགུལ་ཐོག་མ་དེ་མི་སྒེར་ནས་འགོ་བཙུགས་པ་མ་གཏོགས། གནམ་ཐོག་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས། དེ་བཞིན་སྲིད་གཞུང་ཞིག་ནས་ཡོང་རྒྱུ་མ་རེད། དང་པོ་མི་སྒེར་གྱིས་ལས་འགུལ་སྤེལ་འགོ་བཙུགས། དེ་ནས་རང་གི་ནང་མི་དང་ཁྱིམ་མཚེས། དེ་ནས་རིམ་བཞིན་སྤྱི་ཚོགས་ཀྱི་བསམ་བློར་ཤུགས་རྐྱེན་ཐེབས་ཐུབ་པ་ཞིག་དང་མཐར་འཛམ་གླིང་མི་འབོར་ཐེར་འབུམ་བདུན་ལ་ཤུགས་ཐེབས་རྒྱུ་རེད། འདི་ངོས་ཀྱིས་ཆོད་སེམས་དང་ཡི་ཆེས་ཡིན། ཐུགས་རྗེ་ཆེ།།