༧གོང་ས་མཆོག་ལྡི་ལིར་ཆིབས་བསྒྱུར་གནང་།
༧གོང་ས་མཆོག་རྡོ་རྗེ་གདན་ནས་ཉིན་༡༨ རིང་གི་མཛད་འཕྲིན་ཀུན་ལེགས་པར་གྲུབ་སྟེ་ལྡི་ལིར་ཆིབས་བསྒྱུར་གནང་ཡོད་འདུག
དེ་ཡང་ཟླ་དིའི་ཚེས་༢ རེས་གཟའ་ལྷག་པའི་ཞོགས་པ་ཆུ་ཚོད་༧ སྐར་མ་༣༧ ཙམ་ལ་༧གོང་ས་མཆོག་དགའ་ལྡན་འཕེལ་རྒྱས་གླིང་གི་གཟིམ་ཆུང་ནས་ཞབས་ཐང་གིས་མཆོད་རྟེན་ཆེན་མོའི་ནང་ཕེབས་ཏེ་ཞབས་སྐོར་དང་གནས་གཟིགས་ཐུགས་སྨོན་བཅས་གནང་། ཆོས་རྗེ་དམ་པ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་འདས་མཆོད་སྨོན་ལམ་ཐེངས་༡༦ པ་འཚོགས་སར་ཕེབས་ནས་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་ནས་མར་མེ་ཞལ་འབྱེད་དང་ཐུགས་སྨོན་གནང་ཡོད་འདུག མཆོད་རྟེན་ཆེན་མོའི་ནང་གནས་གཟིགས་དང་ཞབས་སྐོར་གྲུབ་རྗེས་ཆུ་ཚོད་༨ ཡོལ་ཙམ་ལ་ལམ་གྱི་གཡས་གཡོན་ནས་བང་བསྒྲིགས་པའི་ཕེབས་སྐྱེལ་ཞུ་མཁན་དད་ལྡན་ཆོས་ཞུ་བ་རྣམས་ཀྱི་དབུས་སུ་ཕེབས་འཁོར་ལ་བཞུགས་ཏེ། གནས་མཆོག་རྡོ་རྗེ་གདན་ནས་གྷ་ཡ་གནམ་ཐང་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་གནང་ཡོད་འདུག
མཛད་འཆར་ལྟར་ན་ཟླ་འདིའི་ཕྱི་ཚེས་༤ ཉིན་བཞུགས་སྒར་དྷ་རམ་ས་ལར་ཞབས་སོར་འཁོད་རྒྱུ་ཡིན་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།