༧གོང་ས་མཆོག་སོག་ཡུལ་དུ་ཆིབས་བསྒྱུར།

dalai-mongoliaརྒྱ་གཞུང་གི་གནོན་ཤུགས་ལ་མ་ལྟོས་པར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སོག་པོའི་དད་ལྡན་མི་མང་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སོག་པོའི་རྒྱལ་ས་ཨོ་ལན་པ་ཐུར་རུ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད།

དེ་ཡང་ཚེས་༡༨ ཉིན་༧མགོན་པོ་གང་ཉིད་སོག་པོའི་རྒྱལ་ས་ཨོ་ལན་པ་ཐུར་གྱི་ཇིང་གེར་སི་ཁཱན་གནམ་ཐང་དུ་ཞབས་སོར་འཁོད་པ་དང་།

ཚེས་༡༩ཉིན་སོག་ཡུལ་གྱི་རྒྱལ་ས་ཨོ་ལན་པ་ཐུར་ནང་ཆཊ་ཡོད་པའི་དགའ་ལྡན་དགོན་པར་གནས་གཟིགས་གནང་རྒྱུ་ཡིན་ཞིང་། དགོན་པ་དེ་ནི་ཁུལ་དེའི་ལོ་རྒྱུས་ལྡན་པའི་དགོན་པ་ཆེ་ཤོས་ཡིན་པ་རེད།

མ་ཟད་སོག་ཡུལ་གྱི་མངའ་སྡེ་༢༡ ནང་གི་དགོན་པ་ཁག་གི་མཁན་པོ་དང་དབུ་ཁྲིད་ཚང་མ་ལྷན་འཛོམས་ཐོག་ལ་༧གོང་ས་མཆོག་གིས་བཀའ་སློབ་བསྩལ་རྒྱུ་ཡིན་པ་དང་།

ཕྱི་ཚེས་ ༢༠ ཉིན་སོག་པོའི་དད་ལྡན་མི་མང་རྣམས་ལ་༧གོང་ས་མཆོག་གིས་བླང་དོར་བཀའ་སློབ་བསྩལ་རྒྱུ་ཡིན་འདུག མཛད་འཆར་དེའི་ཞོར་ལ་སོག་ཡུལ་གྱི་རྒྱལ་ས་ཨོ་ལན་པ་ཐུར་ནང་ཡོད་པའི་གྲགས་ཆེ་བའི་མཐོ་རིམ་སློབ་གྲྭ་ཁག་གཉིས་ཡོད་པ་ཞིང་འབྲོག་མཐོ་སློབ་དང་ཚན་རིག་མཐོ་རིམ་སློབ་གྲྭའི་ནང་ཚན་རིག་དང་། ནང་པའི་ལྟ་གྲུབ་སྐོར་གྱི་བགྲོ་གླེང་ཚོགས་འདུའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་འདུག་ཅིང་།

ཚེས་༢༣ ཕྱིར་ཉི་ཧོང་དུ་ཞབས་སོར་འཁོད་རྒྱུ་རེད་འདུག

ད་ཐེངས་རྒྱ་ནག་གཞུང་གིས་༧གོང་ས་མཆོག་སོག་ཡུལ་ནང་ཆིབས་བསྒྱུར་བསྐྱངས་བ་ལ་ཡང་ངོ་རྒོལ་བྱས་ཡོད་ཅིང་། ཏཱ་ལའི་བླ་མ་སོག་ཡུལ་ནང་ཕེབས་འཆར་དེས་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་ཡོང་རྒྱུ་ཡིན་ལུགས་བཤད་ནས་༧གོང་ས་མཆོག་གི་ཆིབས་བསྒྱུར་བཀག་འགོག་ཞུ་ཐབས་ཀྱང་བྱས་འདུག

དེ་བཞིན་རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་Geng Shuang གིས་ཏཱ་ལའི་བླ་མ་སོག་ཡུལ་ནང་ཕེབས་རྒྱུའི་ཆོག་མཆན་སྤྲོད་མི་དགོས་ལ་ཏཱ་ལའི་ཤོག་ཁག་གི་ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་ལ་ཡང་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་བྱེད་མི་དགོས་ཅེས་སོགས་བརྗོད་ཡོད་འདུག

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་ནང་ཆིབས་བསྒྱུར་བསྐྱངས་ཐེངས་དགུ་པ་དེ་ཆགས་ཡོད་འདུག།

གསར་འགོད་པ་ངག་དབང་ཐར་པ།