༧གོང་ས་མཆོག་སྐུ་ཐང་གསོ་ཕྱིར་བྷོ་ཙ་ཝ་ན་རུ་ཕེབས་མི་ཐུབ་པའི་གསུང་འཕྲིན།

༧གོང་ས་མཆོག་གིས་སྐུ་ཐང་གསོ་ཕྱིར་ཨ་ཧྥི་རི་ཀའི་བྷོ་ཙ་ཝ་ན་རུ་འཚོགས་རྒྱུའི་སེམས་དང་ཚེ་སྲོག་གི་བགྲོ་གླེང་ཐོག་ཕེབས་མི་ཐུབ་པའི་གསུང་འཕྲིན་ཞིག་གནང་ཡོད་འདུག

༧གོང་ས་མཆོག་གིས་ཨ་ཧྥི་རི་ཀའི་བྷོ་ཙ་ཝ་ན་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཨེན་ཀ་མ་དང་། སེམས་དང་ཚེ་སྲོག་ཚོགས་པའི་འགན་འཛིན་མཁས་དབང་སུ་སན་བྷོར་ཝུ་གཉིས་ལ་གསུང་འཕྲིན་རེ་གནང་ཡོད་འདུག་ཅིང་། དེའི་ནང་འདས་པའི་བདུན་ཕྲག་ཁ་ཤས་རིང་། ༧གོང་ས་མཆོག་ནས་མཛད་རིམ་མང་དག་ཅིག་བསྐྱངས་གནང་ཡོད་པའི་དབང་གིས་སྐུ་ངལ་འོ་བརྒྱལ་ཆེན་པོ་བྱུང་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་༡༧ ནས་ཉིན་༣ རིང་བྷོ་ཙ་ཝ་ནའི་རྒྱལ་ས་གྷེ་བྷོ་རོན་དུ་འཚོགས་རྒྱུའི་བགྲོ་གླེང་ཐོག་༧གོང་ས་མཆོག་ཆིབས་སྒྱུར་བསྐྱངས་ཐུབ་ཀྱི་མེད་པ་དང་། དགུང་ནའི་བབ་ཀྱི་ཆ་ནས་ཀྱང་དགུང་གྲངས་༨༢ ཕེབས་པར་བརྟེན་༸སྐུ་ཐང་ཆད་པ་མ་ཟད།  ༸སྐུའི་བླ་སྨན་གྱིས་ཀྱང་འབྱུང་འགྱུར་བདུན་ཕྲག་ཁ་ཤས་ཀྱི་རིང་། ཐག་རིང་པོར་ཆིབས་སྒྱུར་མི་བསྐྱང་ནས་༸སྐུ་ངལ་གསོ་གནང་མཛད་དགོས་པའི་ལམ་སྟོན་ཞུས་སྐོར་འདུག

༧གོང་ས་མཆོག་གིས་སྲིད་འཛིན་ཨེན་ཀ་མ་ལ་གནང་བའི་གསུང་འཕྲིན་ནང་། ཡུལ་དེར་༧གོང་ས་མཆོག་གདན་འདྲེན་ཞུ་མི་ཆོག་པའི་གནོན་ཤུགས་ཧ་ཅང་ཆེན་པོ་ཡོད་མིན་ལ་མ་ལྟོས་པར། སྲིད་འཛིན་དང་བྷོ་ཙ་ཝ་ན་སྲིད་གཞུང་གིས་རང་གི་ལྟ་གྲུབ་ལངས་ཕྱོགས་ལ་འགྱུར་བ་གང་ཡང་མེད་པར་ཆོད་སེམས་བརྟན་པོས་རྒྱུན་སྐྱོང་གནང་བར་ཡི་རངས་བསྔགས་བརྗོད་ཤུགས་ཆེན་པོ་ཡོད་སྐོར་གསུངས་ཡོད་འདུག་པ་མ་ཟད། བགྲོ་གླེང་ཐོག་ཕེབས་རྒྱུར་ཐུགས་འདོད་ཡོད་བཞིན་དུ་ཕེབས་མ་ཐུབ་པར་ཐུགས་ཕམ་ཡོད་སྐོར་གསུངས་ཡོད་འདུག

དེ་བཞིན་སེམས་དང་ཚེ་སྲོག་ཚོགས་པའི་འགན་འཛིན་མཁས་དབང་སུ་སན་བྷོར་ཝུ་ལ་གནང་བའི་གསུང་འཕྲིན་ནང་། ༧གོང་ས་མཆོག་ཁོང་ཉིད་བྷོ་ཙ་ཝ་ནར་འཚོགས་རྒྱུའི་སེམས་དང་ཚེ་སྲོག་གི་བགྲོ་གླེང་ཐོག་ཕེབས་རྒྱུར་ཐུགས་འདོད་ཆེན་པོ་ཡོད་སྐོར་གསུངས་ཡོད་འདུག་པ་མ་ཟད། “ད་ཐེངས་ཀྱི་བགྲོ་གླེང་ལྷན་ཚོགས་ནང་ངོས་རང་མེད་ཀྱང་། ཁྱེད་རྣམ་པས་བགྲོ་གླེང་འཚོགས་ནས་དོན་སྙིང་ལྡན་པའི་གྲོས་མོལ་གནང་སྟེ། བགྲོ་གླེང་གི་དོན་འབྲས་ཁྱབ་སྤེལ་གནང་རོགས། ཁྱེད་རྣམ་པ་མང་པོ་ཞིག་ངོས་ཀྱི་བསམ་བློ་གཏོང་ཚུལ་ཇི་ལྟར་ཡིན་མིན་ལ་རྒྱུས་མངའ་ཡོད་སྟབས། བགྲོ་གླེང་སྐབས་བསམ་ཚུལ་དེ་དག་གི་ཐོག་གོ་བསྡུར་གནང་རོགས་”ཞེས་གསུངས་ཡོད་འདུག

ཟླ་སྔོན་མའི་ནང་བྷོ་ཙ་ཝ་ནས་འབྱུང་འགྱུར་༧གོང་ས་མཆོག་ཡུལ་དེར་ཆིབས་སྒྱུར་བསྐྱང་རྒྱུ་ནི། སྐུ་སྒེར་གྱི་གནད་དོན་ཡིན་ཡང་། ཕྱི་རྒྱལ་གྱི་གནད་ཡོད་མི་སྣའི་གནས་བབ་ཀྱི་ཐོག་ནས་ཕེབས་བསུ་ཞུ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག་པར། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལུ་ཁང་གིས་བྷོ་ཙ་ཝ་ནས་རྒྱ་ནག་གི་བླ་ན་མེད་པའི་བདག་དབང་ལ་སྙིང་ཐག་པ་ནས་གུས་བཀུར་བྱ་རྒྱུ་དང་། བོད་དང་འབྲེལ་བའི་གནད་དོན་རྣམས་ཀྱི་ཐོག་ཐག་གཅོད་མ་ནོར་བ་བྱེད་རྒྱུའི་འབོད་བརྡ་བཏང་ཡོད་པ་མ་ཟད། “རྒྱལ་ཁབ་གཞན་ཚོའི་ནང་ཁུལ་གྱི་གནད་དོན་ཐོག་རྒྱ་ནག་གིས་ཐེ་ཇུས་བྱེད་ཀྱི་མ་རེད་ལ། རྒྱལ་ཁབ་གཞན་གྱིས་རྒྱ་ནག་གི་རྩ་དོན་ལ་གནོད་སྐྱོན་བཟོས་ན་ང་ཚོས་ངོས་ལེན་བྱེད་ཐུབ་ཀྱི་མེད་” ཅེས་བརྗོད་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།