༧རྒྱལ་དབང་ཀརྨ་པ་མཆོག་འབྲས་ལྗོངས་སུ་ཕེབས་བཅུག་པའི་འབོད་སྐུལ།
འབྲས་ལྗོངས་ཀྱི་སྤྱི་ཆབ་བློན་ཆེན་སྐུ་ཞབས་པལ་ཝན་ཆམ་གླིང་གིས། རྒྱ་གར་གྱི་རྒྱལ་སར་སྲིད་བློན་མོ་དྷི་དང་ནང་སྲིད་བློན་ཆེན་རཱཇེ་ན་ཋ་སིང་གཉིས་ལ་མཇལ་འཕྲད་གནང་སྐབས། ༧རྒྱལ་དབང་ཀརྨ་པ་ཨུ་རྒྱན་ཕྲིན་ལས་རྡོ་རྗེ་འབྲས་ལྗོངས་སུ་ཕེབས་བཅུག་དགོས་པའི་འབོད་སྐུལ་ཞུས་འདུག
དེ་ཡང་འབྲས་ལྗོངས་ཀྱི་འབོད་སྒྲ་ཞེས་པའི་གསར་ཤོག་དྲ་ཐོག་ཏུ། ཟླ་འདིའི་ཚེས་༡༧ ཉིན་འབྲས་ལྗོངས་ཀྱི་སྤྱི་ཆབ་བློན་ཆེན་པལ་ཝན་གྱིས་རྒྱ་གར་ནང་སྲིད་བློན་ཆེན་རཱཇེ་ན་ཋ་དང་མཇལ་འཕྲད་སྐབས། དོན་ཚན་གཉིས་འབོད་སྐུལ་ཞུས་པའི་ནང། གཅིག་ནི་༧རྒྱལ་དབང་ཀརྨ་པ་ཨུ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག འབྲས་ལྗོངས་སུ་ཕེབས་བཅུག་དགོས་པའི་འབོད་སྐུལ་ཞུས་སྐབས། ནང་སྲིད་བློན་ཆེན་གྱིས་རྒྱ་གར་ཁྲིམས་ཐོག་ནས་རྒྱལ་དབང་མཆོག་འབྲས་ལྗོངས་ལ་ཕེབས་པར་བཀག་དགོས་པའི་སྲིད་བྱུས་མེད་པས། མ་འོངས་པར་གནད་དོན་དེ་གསལ་ཐུབ་པའི་རེ་བ་ཡོད་སྐོར་འགྲེལ་བརྗོད་གནང་འདུག
དེ་བཞིན་ཟླ་འདིའི་ཚེས་༡༩ ཉིན་སྤྱི་ཆབ་བློན་ཆེན་གྱིས་རྒྱ་གར་གྱི་སྲིད་བློན་མོ་དྷི་དང་མཇལ་འཕྲད་སྐབས། དོན་ཚན་ཁ་ཤས་ཐོག་འབོད་སྐུལ་ཞུས་ཡོད་པ་དང། གཅིག་ནི་རྒྱལ་དབང་ཀརྨ་པ་མཆོག་རུམ་བཏེགས་དགོན་པར་ཕེབས་སུ་བཅུག་ནས། རེ་སྒུག་བྱེད་བཞིན་པའི་དད་ལྡན་པ་རྣམས་ལ་ཆོས་གསུང་དུ་འཇུག་དགོས་པའི་རེ་སྐུལ་ཞུས་ཡོད་འདུག ཁོང་གིས་ཕྱི་ལོ་༢༠༡༠ ལོར་སྐབས་དེའི་ནང་སྲིད་བློན་ཆེན་ལ་ཡང་དེའི་སྐོར་འབོད་སྐུལ་ཞུས་ཡོད་འདུག་སྟེ། ད་བར་གནད་དོན་དེའི་ཐད་འགྱུར་བ་གང་ཡང་ཕྱིན་མེད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།