༧རྒྱལ་བ་ཀརྨ་པ་མཆོག་གིས་རྡོག་རྩ་ཆིག་སྒྲེལ་དང་ཕྱོགས་ལྷུང་མེད་པའི་ཐོག་ནས་འོས་འཕེན་དགོས་པའི་བཀའ་སློབ་བསྩལ་འདུག 

 

༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་བསླེབ་པར་ཉིན་འགའ་ལས་མེད་པའི་སྐབས་འདིར། ༧རྒྱལ་བ་ཀརྨ་པ་མཆོག་གིས་མ་འོངས་པའི་ལོ་ལྔ་དང་བཅུ་དེ་ཤིན་ཏུ་གལ་གནད་དང་ཉེན་ཁ་ཆེ་བའི་དུས་ཚོད་ཅིག་ཆགས་ངེས་པས། ཆོལ་ཁའི་འཐེན་ཁྱེར་མེད་པར་“ང་ཚོས་ད་རེ་འོས་འདེམས་བྱེད་པའི་སྐབས་ལ་བསམ་བློ་ལྷོད་ལྷོད་གཏོང་དགོས་ཡས་གཅིག་དང་། ཕུགས་རྒྱང་རིང་པོ་ལ་བསམ་བློ་གཏོང་དགོས་ཡས་ཞེ་བུ་གལ་ཆེན་པོ་རེད་”ཅེས་བཀའ་སློབ་ལམ་སྟོན་གནང་འདུག 

ཕྱི་ཟླ་ ༤ ཚེས་ ༨ ཀྱི་དགོང་མོར་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནས་སྤེལ་བའི་བཀའ་སློབ་བརྙན་ཐུང་ཞིག་གི་ནང་། ༧རྒྱལ་བ་ཀརྨ་པ་མཆོག་གིས་ ༢༠༢༡ ལོའི་སྲིད་སྤྱིའི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་དོན་ཚན་གསུམ་ཅན་ཞིག་གནང་འདུག 

བརྙན་ཐུང་དེའི་ནང་། ༧རིན་པོ་ཆེ་མཆོག་གིས་”༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། དེ་ག་ནང་བཞིན་བོད་ཀྱི་མི་རབས་གོང་མ་རྣམ་པ་ཚོའི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ང་རང་ཚོ་ཚང་མ་ལ་རྡོག་རྩ་ཆིག་སྒྲིལ་ཟེར་ན་འདྲ་འདུག དེ་ག་ནང་བཞིན་སྐྱིད་སྡུག་མཉམ་མྱོང་འདྲ་བོ་བྱས་ནས་བོད་རིགས་དབྱེ་བ་མེད་པར་བོད་ཡུལ་སྟོད་སྨད་བར་གསུམ་ཚང་མ་ལོ་སྔར་དང་མི་འདྲ་བར་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་བྱུང་ཡོད་རེད། ཡིན་ན་ཡང་། བར་ལམ་ལོ་ཤས་ནང་ལ་རྡོག་རྩ་ཆིག་སྒྲིལ་གྱི་ནུས་པ་དེ་མར་ཉམས་གུད་དུ་འགྲོ་བསྡད་ཀྱི་ཡོད་པའི་རྣམ་པ་གསལ་པོ་ཞེ་བུ་ཞིག་མཐོང་བསྡད་ཀྱི་ཡོད་རེད། བྱས་ཙང་དེ་ཧ་ཅང་འཇིགས་སྣང་སྐྱེ་དགོས་པའི་གནས་ཚུལ་གཅིག་དང་། སེམས་ཁྲལ་ལང་དགོས་པའི་གནས་ཚུལ་འདྲ་བོ་ཞིག་ཆགས་བསྡད་ཡོད་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་ད་རེ་ཉེར་གཅིག་གི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་འདེམས་གནང་བའི་སྐབས་ལ། མི་མང་རྣམ་པ་ཚོའི་ངོས་ནས་མི་སུ་སུ་བདམས་མ་བདམས་ཟེར་བ་དེའང་གལ་ཆེན་པོ་རེད་ལ། ཕྱོགས་གཅིག་ནས་དེ་དང་མཉམ་དུ་བོད་སྤྱི་པའི་མཐུན་སྒྲིལ་དེ་ལའང་ཚང་མས་གལ་ཆེན་པོ་ཡིན་པ་གཅིག་དང་། མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་འཐོར་ཞིག་ཏུ་མི་འགྲོ་བ། དེ་ག་ནང་བཞིན་ལྷག་པར་དུ་ཆོལ་ཁའི་འཐེན་ཁྱེར་བྱེད་ཡས་དང་། ལུང་ཚན་གྱི་འཐེན་ཁྱེར་བྱེད་ཡས་དེ་ཧ་ཅང་གིས་ང་ཚོ་བོད་པའི་དོན་དག་ལ་གནོད་ཚབས་ཆེན་པོ་ཞེ་བུ་ཞིག་ཡིན་པ། བོད་པ་སྤྱི་པའི་དོན་དག་ལ་གནོད་སྐྱོན་ཆེན་པོ་ཞེ་བ་ཞིག་ཡིན་པ་དེ་རྣམ་པ་ལྷན་རྒྱས་ཚང་མ་མཁྱེན་པ་གནང་དགོས་ཡས་དེ་ཤིན་ཏུ་གལ་ཆེན་པོ་རེད་བཞག་དྲན་གྱི་འདུག་”ཅེས་གསུངས་འདུག 

འབྱུང་འགྱུར་གྱི་ལོ་ལྔ་དང་བཅུ་དེ་ཤིན་ཏུ་གལ་གནད་ཆེན་པོ་ཞིག་ཆགས་ངེས་པ་དང་། དེའི་ཆེད་དུ་ཆབ་སྲདི་ཀྱི་འགོ་ཁྲིད་མ་ནོར་བ་ཞིག་འདེམས་དགོས་པའི་ཐད་ལ། ༧རིན་པོ་ཆེ་མཆོག་གིས་བ་“མ་འོངས་པའི་ཆ་ལ་འང་༧རྒྱལ་བ་རིན་པོ་ཆེ་ཡིན་ནའང་དགུང་ལོ་མཐོན་པོ་ཞེ་དྲག་ཕེབས་ཚར་བ་རེད། དེ་འདྲ་ཡིན་དུས་ཙང་ལ་མ་འོངས་པའི་ལོ་ལྔ་དང་བཅུའི་རིང་ལ་སྲིད་སྐྱོང་སུས་གནང་གི་ཡོད་ན་ཡང་གཞན་དང་མི་འདྲ་བའི་དུས་ཚོད་གཉེན་འཕྲང་ཅན་ལ་བསླེབས་པ་ཆགས་བསྡད་ཡོད་རེད། བྱས་ཙང་དེའི་རྒྱུ་མཚན་ལ་བརྟེན་ནས་སྔར་དང་མི་འདྲ་བར་ང་ཚོས་ད་རེ་འོས་འདེམས་བྱེད་པའི་སྐབས་ལ་བསམ་བློ་ལྷོད་ལྷོད་གཏོང་དགོས་ཡས་གཅིག་དང་། ཕུགས་རྒྱང་རིང་པོ་ལ་བསམ་བློ་གཏོང་དགོས་ཡས་ཞེ་བུ་ཞིག་གལ་ཆེན་པོ་རེད་བཞག་དྲན་གྱི་འདུག་”ཅེས་བཀའ་སློབ་བསྩལ་བའི་ཐོག “མ་འོངས་པར་བཙན་བྱོལ་སྤྱི་ཚོགས་དེ་ག་དུས་བར་དུ་གནས་ཡོང་དང་མི་ཡོང་དེ་ཏན་ཏན་བཤད་ཚོད་ཐིག་ཡས་མེད་པའི་གནས་སྟངས་འདྲ་བོ་ཆགས་བསྡད་ཡོད་རེད། དེ་འདྲ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་ད་རེའི་དུས་ཚོད་འདི་ཧ་ཅང་གཉེན་འཕྲང་ཅན་ཟེར་ན་འདྲ་འདུག གནད་འགག་ཆེན་པོ་ཞེ་དྲག་ཆགས་ཡོད་དུས། རྣམ་པ་ཚོས་ནམ་རྒྱུན་ནང་བཞིན་ད་འགྲིག་འགྲོ་ཡི་རེད་བསམ་པ་དང་། དགོངས་པ་སྟབས་བདེ་པོ་ལས་སླ་པོ་དགོངས་པ་བཞེས་པ་དེ་གནང་ན་འགྲིག་གི་མི་འདུག་དྲན་གྱི་འདུག ཡིན་གཅིག་མིན་གཅིག་ང་ཚོས་བསམ་བློ་གཟབ་གཟབ་ཅིག་གཏོང་དགོས་ཡས་དང་། ནན་ཏན་བྱས་ནས་གཏོང་དགོས་པའི་དུས་ཚོད་ཅིག་ལ་བསླེབས་འདུག་”ཅེས་བསྣན་འདུག 

གཞན་ཡང་། ཁོང་གིས་དེང་སྐབས་“ཆོལ་ཁ་གསུམ་”ཞེས་བཤད་ཀྱི་ཡོད་རུང་། བོད་ཀྱི་ལོ་རྒྱུས་ལ་བལྟས་པ་ཡིན་ན། “ཆོལ་ཁ་གསུམ་ཞེས་པའི་ཐ་སྙད་དེ་མི་རིགས་གཞན་དག་གིས་ང་རང་ཚོ་བོད་རིགས་དབང་སྒྱུར་བྱེད་པའི་ཆེད་དུ་བེད་སྤྱོད་བཏང་བའི་ཐ་སྙད་ཅིག་དང་། དེའི་ཐབས་ཇུས་ཤིག་ཡིན་པ་”དང་། ང་ཚོས་“ཤི་འཐམ་རོ་འཐམ་”བྱེད་སའི་ཆོལ་ཁ་གསུམ་ཞེས་པ་དེ་རྩ་ཆེན་ཞིག་ཡིན་མིན་བརྟག་དཔྱད་བྱེད་དགོས་པ་ཞིག་ཡིན་པའི་དྲན་སྐུལ་བཀའ་སློབ་ཀྱང་གནང་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།