༧རྒྱལ་བ་ཀརྨ་པ་མོན་རྟ་དབང་དུ་ཆིབས་བསྒྱུར་ཐེངས་དང་པོ།

the-karmapa-arrives-to-a-rousing-reception-at-tawang-300x206ཟླ་འདིའི་ཚེས་༢༨ ཉིན་༧རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་གྱི་མོན་རྟ་དབང་དུ་ཐེངས་དང་པོར་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཉིན་དེར་གྷོ་ཧ་ཊའི་གནམ་ཐང་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོས་ཕེབས་བསུ་ཞུ་བར་ཕེབས་ནས་ལྷན་དུ་རྟ་དབང་ལ་ཐད་འཕུར་གནམ་གྲུའི་ནང་འཕུར་ཡོད་འདུག

 

རྟ་དབང་དུ་འབྱོར་རྗེས་གསར་འགོད་པ་ཚོར། ༧རྒྱལ་བ་ཀརྨ་པས་སྤྱི་ཁྱབ་བློན་ཆེན་དང་རྒྱ་གར་དབུས་ནང་སྲིད་བློན་ཆེན་གཞོན་པ་ཀེ་རན་རི་ཇུ་གཉིས། དེ་བཞིན་རྒྱ་གར་དབུས་གཞུང་བཅས་ལ་ཁོང་གི་ཆིབས་བསྒྱུར་དེར་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་འདུག་པ་དང་། སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོས་༧གོང་ས་མཆོག་དང་༧རྒྱལ་བ་ཀརྨ་པ་གཉིས་ནི་རྒྱ་གར་གྱི་གལ་ཆེན་སྐུ་མགྲོན་ཡིན་པས། རྒྱ་གར་ནང་གང་དུ་ཕེབས་ཀྱང་རྒྱ་ནག་ལ་ཐེ་ཇུས་མེད་སྐོར་གསུངས་ཡོད་འདུག དེ་རྗེས་ཁུལ་དེར་ཡོད་པའི་དགོན་པ་ཁག་ཅིག་ལ་ཆིབས་བསྒྱུར་བསྐྱངས་རྗེས། རྟ་དབང་དགོན་པར་ཞབས་སོར་འཁོད་ཡོད་འདུག

རྟ་དབང་དགོན་པར་༧རྒྱལ་བ་ཀརྨ་པས་མི་མང་ལ་སྟོན་པ་བཅོམ་ལྡན་འདས་དང་༧གོང་ས་མཆོག་གི་གསུང་ལ་ཡིད་ཆེས་བརྟན་པོ་གནང་དགོས་སྐོར་དང་། ནང་པ་དང་ཚན་རིག་ལྟ་གྲུབ་གོ་རྟོགས་ཡོད་པ་བྱས་ནས། ཉིན་རེའི་བྱ་གཞག་ནང་བེད་སྤྱོད་བྱེད་དགོས་པ། དེ་བཞིན་སངས་རྒྱས་ཆོས་ལུགས་ལ་ཡིད་ཆེས་དང་གྲྭ་བཙུན་གྱི་སྡོམ་ཁྲིམས་གལ་ཆེན་ཡིན་པ། ཆོས་བརྒྱུད་བར་ལ་མཐུན་སྒྲིལ་བྱེད་དགོས་སྐོར་སོགས་ཀྱི་བཀའ་སློབ་གནང་ཡོད་འདུག

ཚེས་༢༩ ཉིན་༧རྒྱལ་བ་མཆོག་གིས་མི་མང་ཁྲི་གཉིས་ལྷག་ལ་ཚེ་དབང་གནང་ཡོད་འདུག

ཨ་རུ་ན་ཅལ་མངའ་སྡེ་ནི་བོད་རྒྱ་ནག་གིས་དབང་བསྒྱུར་རྗེས། རྒྱ་གར་དང་རྒྱ་ནག་གི་མཐའ་མཚམས་ཆགས་ཡོད་པ་དང་། ཕྱི་ལོ་༡༩༦༢ ལོར་རྒྱ་ནག་གིས་དེ་གར་བཙན་འཛུལ་བྱས་ནས་ཕྱོགས་གཉིས་བར་དམག་འཁྲུག་བྱུང་ཡོད་པ་རེད། དུས་ད་ལྟ་ཡང་རྒྱ་ནག་གིས་ཁུལ་དེ་རྒྱ་ནག་གི་མངའ་ཁོངས་ཡིན་སྐོར་བརྗོད་བཞིན་ཡོད་པ་དང་། དེ་གར་༧གོང་ས་མཆོག་ཕེབས་པར་དགག་བྱ་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། དེ་སྔོན་ཨ་རིའི་གཞུང་ཚབ་པ་དེ་གར་སླེབས་པར་ཡང་སྐྱོན་བརྗོད་བྱས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།