༧རྒྱལ་བ་རིན་པོ་ཆེའི་དམིགས་བསལ་ཆིབས་ཞབས་སྐུ་སྲུང་མི་ཨ་ནན་ཟླ་བ་སྐུ་གྲོངས་འདུག
༧རྒྱལ་བ་རིན་པོ་ཆེ་བོད་ནས་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་སྐབས། དམིགས་བསལ་ཆིབས་ཞབས་སྐུ་སྲུང་བདུན་ཡོད་པའི་ཁྲོད་ནས་མཐའ་མ་སྟེ། སྐུ་སྲུང་ཨ་ནན་ཟླ་བ་༢༠༢༠ ཕྱི་ཟླ་༡༢ ཚེས་༢༦ ཉིན་དགུང་ལོ་༨༣ ཐོག་སྐུ་གྲོངས་འདུག
ཨ་ནན་ཟླ་བ་ནི། ཕ་ལྷག་པ་དང་མ་དབྱངས་ཅན་གཉིས་སུ་སྲས་སུ་ཕྱི་ལོ་༡༩༣༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས། སྤུན་མཆེད་ལྔ་ཡོད་པའི་ནང་ནས་ཁོང་ཆུང་ཤོས་དེ་ཡིན། ཁོང་གི་ཕ་དང་གཅེན་པོ་བློ་བཟང་བསྟན་འཛིན་ཡང་སྐུ་སྲུང་ཡིན་པ་མ་ཟད། བཞུགས་སྒར་རྡ་རམ་ས་ལར་༧རྒྱལ་བའི་ཕོ་བྲང་དུ་ཞབས་ཞུ་མི་ཚེ་ཧྲིལ་པོ་ཞུས། ཕྱི་ལོ་ ༡༩༥༥ ལོར་ཁོང་སྐབས་དེ་དུས་ལོ་ན་བཅོ་ལྔ་ལས་སོན་མེད་ཀྱང་ནོར་བུ་གླིང་ཁར་༧རྒྱལ་བའི་སྐུ་སྲུང་དམག་མིར་འཛུལ་ཞུགས་བྱས། ལོ་བཞིའི་རྗེས་ལ་སྐུ་སྲུང་དམག་མི་ངོ་མར་བསྐོ་བཞག་གནང་བར་བརྟེན་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷ་ལྡན་སྨོན་ལམ་ཆེན་མོར་སེར་འབྲས་དགའ་གསུམ་གྱི་བསྟན་འཛིན་གྱི་སྐྱེས་ཆེན་མཁས་དབང་སྟོང་ཚོ་མང་པོའི་དབུས་སུ་གྲྭ་སྐོར་ལྷ་རམས་པའི་དམ་བཅའ་མཚན་རྟགས་བཞེས་སྐབས་བོད་ནང་རྒྱ་དམར་གྱིས་དྲག་གནོན་ཛ་དྲག་ཉེན་ཁའི་འོག་༧རྒྱལ་བའི་སྐུ་སྲུང་གི་འགན་འཁུར་ཞུས།
རྒྱ་ནག་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་དང་བྱེད་བཞིན་པའི་ཛ་དྲག་གནས་ཚུལ་ཉིན་རེ་ནས་ཇེ་སྡུག་ཏུ་སོང་བའི་རྐྱེན་གྱིས། ཕྱི་ལོ་༡༩༥༩ ཕྱི་ཟླ་༣ ཚེས་༡༧ མཚན་མོར་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྐུ་འཁོར་བོད་མི་སྟོང་ཕྲག་མང་པོ་བཙན་བྱོལ་དུ་ཕེབས་སྐབས་ཕེབས་ལམ་ལ་སྐུ་ངལ་ཚད་མེད་འཕྲད་སྐབས་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་སྲུང་གི་འགན་འཁུར་དང་རང་སྲོག་བློས་གཏོང་གིས་ཞབས་ཞུ་བསྒྲུབས། ཕྱི་ཟླ་༣ ཚེས་༣༡ ཉིན་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྐུ་འཁོར་ལྷན་རྒྱས་རྒྱ་གར་ས་ཆར་བདེ་འབྱོར་ཐུབ། བསྟན་སྲུང་དྭང་བླངས་དམག་མི་དང་འཇབ་དམག་མཉམ་དུ་ཕྱིར་ལོག་གིས་རྒྱ་དམག་ལ་འཐབ་འཛིང་ཆེད་དུ་བོད་ལ་བསྐྱོད། དེའི་སྐབས་ཨ་ནན་ཟླ་བ་སྐུ་སྲུང་ལོ་ན་ཆུང་ཤོས་དང་༧རྒྱལ་བའི་བཀའ་བཞིན་ཁོང་དང་སྐུ་སྲུང་གཞན་རྣམས་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་དང་པོ་མ་སུ་རིར་བར་ཆིབས་ཞབས་སུ་ལྷན་བཅར་གྱིས་༧རྒྱལ་བའི་སྐུ་སྲུང་གི་ཞབས་ཞུ་ཞུས།
མཐར་མ་སུ་རིར་བདེ་འབྱོར་ཟིན་རྗེས་༧རྒྱལ་བའི་བཀའ་དགོངས་བཞིན་མ་སུ་རི་སློབ་གྲྭ་གསར་འཛུགས་སྐབས་ཀྱི་ཐོག་མའི་སློབ་ཕྲུག་ལྔ་བཅུའི་གྲས་ཀྱང་ཡིན། མ་སུ་རིར་སློབ་སྦྱོང་ཟིན་རྗེས་བོད་གཞུང་གི་བཀའ་དགོངས་ལྟར་བལ་ཡུལ་ལ་བོད་མི་གསར་དུ་འབྱོར་བ་ཚོའི་སྐད་སྒྱུར་དང་ལམ་སྟོན་གྱི་ལས་དོན་ཧུར་ཐག་ཞུས། རྗེས་སུ་ཨ་རིའི་ཀོར་ནེལ་ (Cornell University Ithaca) མཐོ་སློབ་དང་བོས་ཀྲོན་ (Boston) དུ་ཨ་རིའི་གསང་བའི་སློབ་སྦྱོང་ལ་བསྐྱོད་དེ་སློབ་ཐོན་གྱི་གྲུབ་འབྲས་ལེགས་པར་སོན་ཏེ་རྒྱ་གར་ལ་ཕྱིར་ཕེབས། སྐབས་དེར་བཟའ་ཟླ་མཁའ་འགྲོ་དང་ཐུག་ནས་བུ་ཕྲུག་གསུམ་བྱུང་། ཕྱི་ལོ་ ༡༩༧༢ ལོར་བལ་ཡུལ་དུ་བོད་གཞུང་གི་བཟོ་གྲྭའི་རྩིས་པའི་ལས་འགན་ཞུས།
ཕྱི་ལོ་༡༩༧༩ ལོར་མ་སུ་རི་བོད་ཁྱིམ་དུ་ཡུན་རིང་ཕྲུ་གུའི་འཕྲོད་བསྟེན་དང་ཐུན་མོང་མ་ཡིན་པའི་རང་རེའི་རིག་གཞུང་དང་། ཤེས་ཡོན་ཡ་རབས་བཟང་སྤྱོད་སོགས་ཀྱི་ཆེད་ལྷག་བསམ་ཟོལ་མེད་ཀྱི་རྒྱུན་རིང་ཕྱག་ལས་གནང་། ཕྱི་ལོ་ ༡༩༩༦ ལོར་ཨ་རིར་ནང་མི་ཟླ་སྒྲིལ་གྱི་ཁོངས་སུ་ཨ་རིའི་མངའ་སྡེ་མི་ནི་སོ་ཊར་གནས་སྤོས་བགྱིས་ཏེ་རྒས་ཡོལ་དུ་ཕེབས།
མཐར་ས་གནས་དེར་དགུང་ལོ་མཐོན་པོར་ཕེབས་ཁར་སྐུ་གཟུགས་བདེ་མིན་ལ་བརྟེན་སྨན་བཅོས་ཞབས་རིམ་ཅི་ཡོངས་ཞུས་ཀྱང་དྲག་སྐྱེད་མ་བྱུང་བར་ཕྱི་ལོ་༢༠༢༠ ཕྱི་ཟླ་༡༢ ཚེས་༢༦ ཉིན་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་དང་། །