༧རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་སེར་མོ་བའི་བགྲོ་གླེང་།
ཟླ་འདིའི་ཚེས་༢༧ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་འདུ་ཁང་ནང་། དགེ་ལུགས་ཡོངས་ཀྱི་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་དགུང་གྲངས་༨༠ ལ་ཕེབས་པར་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་སླད་༧རྒྱལ་བའི་བཀའ་དགོངས་གཞིར་བཟུང་གནས་བརྟན་སྡེ་པ་བ་དང་གཞི་ཐམས་ཅད་ཡོད་པར་སྨྲ་བ་བོད་བརྒྱུད་ནང་པའི་དབར་དམ་ཆོས་འདུལ་བའི་ཐོག་བགྲོ་གླེང་ཆེན་མོ་ཞིག་ཚེས་༢༧ ནས་ཉིན་གཉིས་རིང་འཚོགས་ཡོད་པ་རེད།
བགྲོ་གླེང་ཚོགས་འདུའི་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་རིན་པོ་ཆེ་རི་རྫོང་སྲུས་སྤྲུལ་མཆོག་དང་། ཤྲི་ལང་ཀའི་བླ་ཆེན་ཨི་ཏཱ་པཱ་ན་དྷ་མ་ལང་ཀཱ་ར་མཱ་ཧ་ན་ཡེ་ཀེ་རྣམ་གཉིས་གཙོས་དགེ་ལྡན་པའི་གདན་ས་གྲྭ་ཚང་ཁག་དང་རྣམ་རྒྱལ་གྲྭ་ཚང་བཅས་ཀྱི་མཁན་པོ་མཁན་ཟུར་རྣམ་པ། ཤྲི་ལང་ཀ་དང་གྲྭ་ཚང་ཁག་ནས་ཕེབས་པའི་བགྲོ་གླེང་བ། དེ་བཞིན་ཟུར་ཉན་པ་བཅས་བཞུགས་གྲལ་དུ་འཁོད་མཚམས་དགའ་ལྡན་ཁྲི་རིན་པོ་ཆེ་དང་ཤྲི་ལང་ཀའི་བླ་ཆེན་གཉིས་ནས་སྣང་གསལ་མར་མེ་ཞལ་འབྱེད་སོགས་ཀྱི་ལས་རིམ་གྲུབ་པ་དང་། ཤྲི་ལང་ཀ་དང་གདན་ས་ཁག་གི་བགྲོ་གླེང་བ་ནང་ཕན་ཚུན་ངོ་སྤྲོད་འཚམས་འདྲི་དང་འབྲེལ་རིམ་པས་སྐུ་མགྲོན་གཙོ་བོ་རྣམ་གཉིས་ཀྱིས་ཐེངས་འདིའི་བགྲོ་གླེང་གལ་ཆེན་ཡིན་སྐོར་དང་ཐེག་ཆེན་དང་ཐེག་དམན་གཉིས་ཀྱི་ཐུན་མོང་གི་གཞི་འཛིན་གཅིག་དམ་ཆོས་འདུལ་བ་ཡིན་སྐོར་སོགས་བཀའ་སློབ་ལམ་སྟོན་མདོར་བསྡུས་རེ་གསུངས་སོང་།
དེ་ཡང་ཐེངས་འདིའི་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་རབ་བྱུང་སྒྲུབ་ཚུལ་དང་བསྙེན་རྫོགས་སྒྲུབ་ཚུལ་གྱི་སྐོར། མཚུངས་པའི་ཆོས་དང་ཆོ་ག་ཙམ་གྱི་ཁྱད་པར་ཆུང་ཚགས་ཁག་བཅས་དང་། ༢ དགེ་སློང་གི་ལྟུང་བའི་རྣམ་བཞག་གི་སྐོར་ལས་ཕམ་པ་དང་ལྷག་མ་མ་ངེས་པའི་སྡེ་ཚན་གྱི་སྐོར། དེ་ལ་ཡང་དམིགས་བསལ་གྱིས་ཕམ་པ་དང་ལྷག་མ་མ་ངེས་པའི་སྡེ་ཚན་བཅས་ཀྱི་ཁོངས་སུ་མཚུངས་པའི་ཆ་ཇི་ཡོད་སྐོར། ༣ དགེ་སློང་གི་ལྟུང་བའི་རྣམ་བཞག་གི་སྐོར་ལས་སྤང་ལྟུང་དང་ལྟུང་བྱེད་འབའ་ཞིག་པ། སོར་བཤགས་དང་བསླབ་བྱའི་ཉེས་བྱས། རྩོད་པ་ཞི་བར་བྱ་བའི་ཆོས་བཅས་ཀྱི་སྐོར། དམིགས་བསལ་གྱིས་དེ་དག་གི་ཁོངས་སུ་མཚུངས་ཆོས་ཇི་ཡོད་སྐོར། ༤ དམིགས་བསལ་གལ་གནད་ཆེ་བའི་གཞི་གསུམ་སྟེ་གསོ་སྦྱོང་དང་དབྱར་དགག་དབྱེ་བཅས་ཀྱི་ཐོག་སྲབ་བརྐྱང་ལག་ལེན་གྱི་ཐད་མཚུངས་པའི་ཆ་ཇི་ཡོད་སྐོར། ༥ འདུལ་བའི་ལོ་རྒྱུས་ཀྱི་སྐོར་དང་ཕུང་པོ་འམ་གཞི་ལྷག་མ་རྣམས་སུ་གསལ་བའི་སྤྱོར་བཏང་དགེ་སློང་གི་འཚོ་བའམ་ཀུན་སྤྱོད་ཀྱི་སྐོར་ལ་མཚུངས་པའི་ཆ་ཇི་ཡོད་སྐོར་བཅས་སུ་ཉིན་གཉིས་རིང་བགྲོ་གླེང་གོ་བསྡུར་གནང་ཡོད་པ་རེད།
གཞན་ཡང་དཔལ་ན་ལེན་ཌའི་ཆོས་བརྒྱུད་འཛིན་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་པའི་ནང་རྩོད་པའི་སྒོ་ནས་འདུལ་བ་སློབ་གཉེར་བྱ་ཚུལ་སྐོར་ལ་དམ་བཅའ་འཚོགས་ནས་སྤྱན་འབུལ་ཞུ་རྒྱུའི་ལས་རིམ་ཡང་ཡོད་པ་རེད། ། །
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།