༧རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་དཔེ་ཁྲིད་ཡར་རྒྱས་གཏོང་ཕྱོགས་ཀྱི་བགྲོ་གླེང་།
ཟླ་འདིའི་ཚེས་ ༡༩ ནས་ཉིན་གསུམ་རིང་རྒྱ་གར་ལྷོ་མོན་གྷོ་ས་གནས་འབྲས་སྤུངས་བླ་སྤྱིའི་འདུ་ཁང་ནང་དགེ་ལུགས་ཡོངས་ཀྱི་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གི་གོ་སྒྲིག་འོག ༧གོང་ས་མཆོག་དགུང་གྲངས་༨༠ ལ་ཕེབས་ཡོད་པའི་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་དཔེ་ཁྲིད་རྒན་རྣམ་པའི་དཔེ་ཁྲིད་བྱེད་ཕྱོགས་དང་འབྲེལ་བའི་བགྲོ་གླེང་ཞིག་འཚོགས་སོང་།
དེར་སྐུ་མགྲོན་གཙོ་བོ་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་རྣམ་གྲྭ་མཁན་རིན་པོ་ཆེ་བློ་བཟང་དམ་ཆོས་དང་། དགེ་ལུགས་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས། དེ་བཞིན་གདན་ས་སེར་འབྲས་དགའ་གསུམ་གྱི་གཙོས་གདན་ས་གྲྭ་ཚང་ཁག་གི་མཁན་ལས་ཟུར་དང་དབུ་ཆོས་རྣམ་པ། གཞན་ཡང་གྲྭ་ཚང་ཆེ་ཁག་གི་དཔེ་ཁྲིད་རྒན་བཅུ་རེ་དང་བཀྲ་ཤིས་ལྷུན་པོ་དང་རྭ་སྟོད་གྲྭ་ཚང་། རྒྱུད་གྲྭ་སྟོད་སྨད་སོགས་ནས་དཔེ་འཁྲིད་དགེ་རྒན་གཉིས་རེ་བཅས་ཆེད་ཕེབས་གནང་ཡོད་པ་རེད།
དེ་ཡང་ཐོག་མར་སྐུ་མགྲོན་རྣམ་པ་དང་ཚོགས་ཞུག་པ་ཡོངས་ཀྱིས་༧རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་ཞུས་དང་འབྲེལ་མཇལ་དར་བསྒྲོན་འབུལ་དང་མཎྜལ་བརྟེན་གསུམ་འདེགས་འབུལ་སོགས་ཀྱི་ལས་རིམ་གྲུབ་པ་དང་། རྒྱལ་བའི་བརྟན་ཞུགས་བཀའ་དྲིན་རྗེས་དྲིན་གྱི་རྒྱུན་ལས་ཚོགས་གཙོ་དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་བོ་བློ་བཟང་སྙན་གྲགས་ཀྱིས་མཛད་རིམ་དང་འབྲེལ་བའི་གཏམ་བཤད་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་བཅུ་ལ་ཕེབས་པར་ཆོས་བརྒྱུད་གཅིག་གི་ངོས་ནས་བཀའ་དྲིན་རྗེས་དྲིན་གྱི་བྱེད་སྒོ་མང་པོ་ཞིག་སྤེལ་བའི་ནང་ནས་ད་རེབ་སྔར་བྱུང་མ་མྱོང་བའི་མཛད་རིམ་ཞིག་བཀོད་སྒྲིག་བྱས་ཡོད་པ་ནི། དཔེར་ན་གདན་ས་གྲྭ་ཚང་ཁག་དྲུག་དང་བཀྲ་ཤིས་ལྷུན་པོ་རྭ་སྟོད་དང་རྣམ་རྒྱལ་གྲ་ཚང་བཅས་ཀྱིས་མཁན་པོ་མཁན་ཟུར་རྣམས་པ་དང་དམིགས་བསལ་དཔེ་ཁྲིད་དགེ་རྒན་རྣམས་གདན་གཅིག་དུ་འཛོམས་དེ་བཤད་སྒྲུབ་འཆད་ཉན་གྱི་སྐོར་ནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་དུ་གཏོང་ཕྱོགས་ཀྱི་སྐོར་ནས་བསམ་ཚུལ་བརྗེས་རེས་ཉིན་གྲངས་གསུམ་གྱི་རིང་ལ་འཚོགས་འགོ་ཚུགས་པ་དེ། ༧གོང་ས་མཆོག་གིས་སྔ་ཕྱིའི་བཀའ་སློབ་ལམ་སྟོན་གལ་ཆེན་ཞིག་ཡིན་པས་སྟབས་ཀྱིས་ཆེས་གཉན་ཕྲང་གི་སྐབས་འདིར་དཔེ་འཁྲིད་རྒན་རྣམས་ཀྱི་བར་ལ་དཔེ་འཁྲིད་བྱེད་ཕྱོགས་དང་སློབ་གཉེར་ཡར་རྒྱས་གཏོང་ཕྱོགས་བཅས་ཀྱི་སྐོར་ལ་ནུས་བ་གང་འདྲ་འདོན་དགོས་མིན་དཔེ་ཁྲིད་རྒན་རྣམས་ཀྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་ཐུགས་འགན་གང་འདྲ་བཞེས་དགོས་མིན་སོགས་ཕྱོགས་གང་ཅིའི་འཐད་ནས་ཐུགས་བསམ་ཆེ་བཞེས་ཀྱིས་ཕན་ཚུན་བསམ་ཚུལ་བརྗེས་རེས་ཡོང་བར་རེ་བ་ཡོད་སྐོར་སོགས་གསུང་སོང་།
དེ་བཞིན་སྐུ་མགྲོན་ཡོངས་ཀྱི་ཐེངས་འདིའི་གདན་ས་གྲྭ་ཚང་ཁག་གིས་སློབ་གཉེར་ཡར་རྒྱས་སམ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་སྔར་ལྷག་གང་འདྲ་དགོས་མིན་ཐོག་བགྲོ་གླེང་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་རིམ་བཞིན་གནང་སོང་།
ཐེངས་འདིའི་བགྲོ་གླེང་ཉིན་གསུམ་རིང་འཚོགས་བཞིན་ཡོད་པ་དང་བགྲོ་གླེང་ཚོགས་འདུའི་ཐོག་རི་བོ་དགེ་ལྡན་པའི་གདན་ས་གྲྭ་ཚང་ཁག་གི་མཁན་པོ་མཁན་ཟུར་དཔེ་འཁྲིད་དགེ་རྒན་བཅས་ཁྱོན་མི་གྲངས་༡༠༠ མ་ཟིན་ཙམ་ཚོགས་ཞུགས་གནང་ཡོད་པ་རེད།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།