༧ཤར་པ་ཆོས་རྗེ་རིན་པོ་ཆེ་དགའ་ལྡན་ཁྲི་ཐོག་༡༠༥ པར་བསྐོ་བཞག་ཕྱག་རྟགས་བསྩལ་བ།


པར། བརྒྱུད་ལམ་ཁག

ཉེ་ཆར་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་༡༠༤ རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དགའ་ལྡན་ཁྲི་པའི་དུས་ཡུན་ཟིན་ཡོད་པ་བརྟེན། ༧གོང་ས་མཆོག་མཇལ་བཅར་གྱིས་དགོངས་འཁྲོལ་ཡོང་བའི་སྙན་གསན་སྒྲོན་འབུལ་ཞུས་རྗེས།  སྔར་གྱི་ཕྱག་སྲོལ་ལྟར་༧གོང་ས་མཆོག་གིས་༧ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་མཆོག་ལ་དགའ་ལྡན་ཁྲི་ཐོག་༡༠༥ པར་བསྐོ་བཞག་ཕྱག་རྟགས་བསྩལ་གནང་མཛད་ཡོད་པ་དགའ་ལྡན་ཁྲི་ཐོག་ཁང་དང་། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་སོ་སོ་ནས་ཕྱི་ཚེས་༥ ཉིན་གསལ་བསྒྲགས་གནང་འདུག 
༧གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱིས་བསྩལ་བའི་ཕྱག་རྟགས་རིན་པོ་དེ་བཞིན་ཕྱི་ཟླ་༡༡ པའི་ཚེས་༩ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་༧ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་ལ་འབུལ་གཏན་འཁེལ་ཡོད་འདུག དགའ་ལྡན་ཁྲི་ཐོག་༡༠༥ པ་ལ་ཕེབས་གཏན་ཁེལ་ཡོད་པ་༧ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེའམ་འཇམ་དཔལ་མཁས་བཙུན་དཔལ་བཟང་པོ་མཆོག་ནི། ཕྱི་ལོ་༡༩༣༧ ལོར་མདོ་སྟོད་སྨར་ཁམས་ཚ་ལྷོ་ས་ཆར་འཁྲུངས་ཏེ་བོད་ནང་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་བསྡུས་གྲྭ་བློ་རྟགས་ནས་བཟུང་ཕར་ཕྱིན་གྱི་བར་གསན་སྦྱངས་མཛད་པ་དང་། རྒྱ་གར་དུ་ཕེབས་ནས་བཀའ་རམས་དང་སློབ་དཔོན། ལྷ་རམས་བཅས་རྒྱུགས་སྤྲོད་ཀྱིས་རེ་རེ་བཞིན་ཨང་རིམ་དང་པོའི་ཕྱག་ཁྱེར་བཞེས་ཏེ། རྒྱུད་སྟོད་གྲྭ་ཚང་དུ་སྔགས་ལ་བསླབ་པ་མཐར་སོན་གྱིས་དགེ་བསྐོས་དང་བླ་མ་དབུ་མཛད། མཁན་པོ་བཅས་རིམ་པར་གནང་སྟེ་༧ཤར་རྩེ་ཆོས་རྗེ་ལ་ཕེབས་ཡོད་པས། རིང་མིན་དགའ་ལྡན་ཁྲི་ཐོག་༡༠༥ པའི་ཐུགས་འགན་དངོས་སུ་བཞེས་གཏན་ཁེལ་ཡོད་འདུག།

གསར་འགོད་པ། བསོད་ནམས་ཕུན་ཚོགས།

This will close in 0 seconds