༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་གི་གྱ་སྟོན་སྲུང་བརྩི་དང་བརྟན་བཞུགས་བསྟར་འབུལ།

དཔལ་ས་སྐྱ་པའི་ལྷ་སྡེ་མི་སྡེ་ཡོངས་ནས་༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་སྲུང་བརྩི་དངོས་གཞི་དབུ་འཛུགས་གནང་།
ཕྱི་ཟླ་༡༠ ཚེས་༣ ཉིན་འཛམ་གླིང་ས་ཕྱོགས་གང་སར་དུ་བཞུགས་པའི་དཔལ་ས་སྐྱའི་ཆོས་རྒྱུད་འཛིན་པ་ཡོངས་ནས་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། རྒྱ་གར་བྱང་ཕྱོགས་ལྡེ་ར་རྡུན་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་དཔལ་ལྡན་ས་སྐྱའི་གདན་ས་རཇ་སྤུར་དཔལ་ས་སྐྱའི་ཆོས་སྒར་དུ་དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་དང་ཞེ་གསུམ་པ་གཙོ་བོའི་དབུ་བཞུགས་ཐོག་ས་སྐྱའི་ལྷ་སྡེ་མི་སྡེ་ཡོངས་ནས་༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་འདུག་པ་དང་། སྐབས་དེར་མཛད་སྒོའི་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་། སྤྱི་མཐུས་ཚོགས་གཙོ་ཟུར་པ་དང་། སྤྱི་འཐུས་ཚོགས་གཞོན་ཟུར་པ། དེ་བཞིན་བཀའ་ཟུར་ཁག་ཅིག ལས་བྱེད་འདེམས་ལྷན་ཚོགས་གཙོ། སྤྱི་འཐུས་རྒྱུན་ལས་རྣམ་པ། སྤྱི་ཟུར་ཁག་ཅིག ཆོས་རིག་དྲུང་ཆེ། གཞན་དང་གནད་ཡོད་སྐུ་མགྲོན་ཁག་ཅིག་བཅས་གཙོས། ༧གོང་མ་ཁྲི་ཆེན་མཆོག་ལ་མི་ཕྱེད་པའི་དད་ལྡན་སེར་སྐྱ་མི་མང་དུ་མ་ཞིག་འཛོམས་ཡོད་འདུག
བརྟན་བཞུགས་སྐབས་སུ་མགོན་པོ་གང་ཉིད་ནས། སྐུའི་དགུང་ལོ་༨༠ ཕེབས་པའི་འཁྲུངས་སྐར་ལ་ཚང་མས་ཐུགས་རྩིས་ཆེན་པོ་གནང་སྟེ། གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་དང་རིས་སུ་མ་ཆད་པའི་བླ་བྲང་ཁག་དང་ཆོས་སྡེ་ཁག དེ་བཞིན་ཚོགས་སྐྱིད་ཁག་དང་མི་མང་རྣམས་ཀྱིས་དོ་གལ་ཆེན་བརྩིས་གནང་སྟེ་བརྟན་བཞུགས་གཟབ་རྒྱས་གནང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་གསུངས་པ་མ་ཟད། བརྟན་བཞུགས་ཀྱི་མཚམས་འདིར་ཞལ་བཞེས་ཞུ་ཟེར་བ་དེ་བླ་མ་སྐྱེ་འཆི་ལ་རང་དབང་ཐོབ་མཁན་རྣམས་ལ། ལོ་འདི་ག་ཙམ་བཞུགས་རོགས་ཞེས་གསོལ་བ་བཏབ། བླ་མས་ཀྱང་ང་འདི་ག་ཙམ་བཞུགས་ཀྱི་ཡིན་ཞེས་གསུང་གནང་གི་ཡོད་པ་རེད། ང་ནི་མིང་ཆེན་པོ་ཞིག་ཡོད་པ་མ་གཏོགས་དོན་ལ་སོ་སོའི་སྐྱེ་བོ་ཐ་མལ་པ་རང་རེད་མ་གཏོགས་མ་འདྲ་བ་གང་ཡང་ཡོད་མ་རེད། དེར་བརྟེན་ང་རང་རང་དབང་གི་ཐོག་ནས་ང་དེ་ག་ཙམ་བསྡད་རྒྱུ་ཡིན་ཟེར་ནས་ལབ་ཐུབ་ཡ་ཡོད་མ་རེད། ཡིན་ཡང་ད་རིང་འདིར་བསྟན་བདག་བླ་ཆེན་ཚོ་རེད། མཁན་པོ་བླ་སྤྲུལ་ཚོ་རེད། ཉི་མ་མང་པོའི་རིང་ཚེ་སྒྲུབ་གཟབ་ནན་གནང་བ་དང་། མི་མང་ཚོ་ཡིན་ཡང་དད་འདུན་རྩེ་གཅིག་པའི་སྒོ་ནས་གནང་ཞིང་།

དེ་བཞིན་བོད་ལ་ཡིན་ཡང་དགོན་པ་ཁག་དང་ཆོས་རྒྱུད་ཁག་ནས་གཟབ་གཟབ་ག་རེ་བྱེད་རྒྱུ་ཡོད་པ་ཚང་མ་བྱས་འདུག དེ་འདྲའི་གནས་ཚུལ་མང་པོ་འབྱོར་བྱུང་། དེ་མིན་ཕྱི་རྒྱལ་ཁག་ཏུ་ཡོད་མཁན་རེད་ཚང་མས་སྐུ་ཚེ་ཚེ་སྒྲུབ་ཀྱི་བྱ་བ་རྒྱ་ཆེན་པོ་བྱས་པའི་དགེ་བའི་རྩ་བ་འདིའི་མཐུ་ལ་བརྟེན་ནས། རང་ཅག་རྣམས་ལ་བཀའ་དྲིན་ལྷག་པར་དུ་ཆེ་བའི་༧སྤྱི་ནོར་གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དབུར་བཞུགས་པའི་ཕྱོགས་དང་རིས་སུ་མ་མཆིས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་།ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པ། དེ་དག་གི་ཐུགས་རྗེ་དང་བྱིན་རླབས་ལ་བརྟེན་ནས་ང་རང་ཡིན་ཡང་སྤྱིར་བཏང་ལོ་ཆེན་པོ་སླེབས་པ་རེད་དེ་སེམས་ཤུགས་འདྲ་དེ་རྩ་ནས་ཆགས་མེད། ད་དུང་ཡིན་ཡང་ཆོས་ཐམས་ཅད་རྟེན་འབྲེལ་ཟེར་བ་དེ་ཕྱི་ནང་གི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་ཡིན་དུས་འདི་ལྟ་བུའི་ཚེ་སྒྲུབ་ཀྱི་ཆོ་ག་རྒྱ་ཆེན་གནང་བའི་བཀའ་དྲིན་ལ་བརྟེན་ནས་ཡུན་རིང་པོ་འཚོ་གི་རེད་བསམ་པའི་ཡིད་ཆེས་བརྟན་པོ་ཡོད། ཆོ་གའི་གཞུང་ནས་གསུངས་པ་བཞིན། གལ་ཏེ་བསྟན་པ་རྒྱས་པ་དང་།། སེམས་ཅན་ཕན་པའི་རྒྱུ་གྱུར་ན།། མི་ལོ་བརྒྱ་རྩ་བརྒྱད་ལྷག་སོགས།། གང་འདོད་འཚོ་བར་བླ་མ་དང་།། རྒྱལ་བ་སྲས་དང་བཅས་པས་བདག།། (མངོན་འགྱུར་)ལྡན་པར་བྱིན་གྱིས་རློབས་ཞེས་གསུངས་པ་བཞིན། དེ་དེ་བཞིན་དུ་ཞུ་ཞེས་གསུངས་སོང་། །
གསར་འགོད་པ། བསྟན་འཛིན་ལམ་བཟང་།