༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་ཐོག་མཉམ་ཞུགས་དང་ཡེ་ཤུའི་བླ་ཆེན་དང་མཇལ་འཕྲལ་གནང་འདུག

ཆོས་ལུགས་འདྲ་མིན་གྱི་བླ་ཆེན་ཁག་ཅིག་ཨི་ཊ་ལིའི་ཝེ་ཊི་ཀན་དུ་མཉམ་འཛོམས་ཀྱིས་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་ཤིག་ཚོགས་ཡོད་པ་དང་། སྐབས་དེར་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་ནང་པའི་སྐུ་ཚབ་ཏུ་གདན་ཞུས་ལྟར་ཕེབས་ཤིང་། ཡེ་ཤུའི་བླ་ཆེན་པོབ་དང་དངོས་སུ་མཇལ་འཕྲལ་གནང་འདུག

པར། འབྲེལ་ཡོད་ནས་མཁོ་སྤྲོད་གནང་།


ཕྱི་ཟླ་༡༡ ཚེས་༢༩ དང་༣༠ ཉིན་ཧིན་དྷུའི་བླ་ཆེན་ཤྲི་ནཱ་ར་ཡ་ན་གུ་རུའི་ཐེབས་རྩ་དང་། ཨི་ཊ་ལིའི་ཡེ་ཤུའི་ལྟེ་གནས་ཀྱི་ཆོས་ལུགས་བགྲོ་གླེང་ལྷན་ཁང་ཐུན་མོང་གི་གོ་སྒྲིག་འོག་ཡེ་ཤུའི་ལྟེ་གནས་ཨི་ཊ་ལིའི་ཝེ་ཊི་ཀན་དུ་ཆོས་ལུགས་འདྲ་མིན་གྱི་བླ་ཆེན་དང་། དཔོན་རིགས་ཁག་ཅིག་མཉམ་ཞུགས་ཀྱིས་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་ཤིག་ཚོགས་ཡོད་འདུག ་པ་དང་། སྐབས་དེར་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་ནང་པའི་སྐུ་ཚབ་ཏུ་གདན་ཞུས་ལྟར་ཕེབས་ཤིང་། ཡེ་ཤུའི་བླ་ཆེན་པོབ་དང་༧སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ་གཉིས་དངོས་སུ་མཇལ་འཕྲལ་གནང་འདུག

ལྷན་ཚོགས་དེའི་ཐོག་ཡེ་ཤུའི་བླ་ཆེན་པོབ་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་གྱི་བགྲོ་གླེང་འདི་ལྟར་ཚོགས་པར་བསྔགས་བརྗོད་དང་། དེང་དུས་འཛམ་གླིང་ནང་དཀའ་ངལ་མང་པོ་བྱུང་བ་ནི་སྤྱི་ཚོགས་ཁྱོན་ཡོངས་ནས་ཆོས་ལུགས་ཁག་གི་བཟང་པོའི་བསླབ་བྱ་ལག་ལེན་ཡང་དག་པ་བསྟར་མ་ཐུབ་པ་ལས་བྱུང་བས། མ་འོངས་པར་མི་རིགས་འདྲ་མིན་དང་རིག་གཞུང་འདྲ་མིན་གཙོ་བོར་མ་ཡིན་པར་བཟང་པོའི་བསླབ་བྱ་ལག་བསྟར་དགོས་གལ་ཆེ་བ་དང་། ཆོས་ལུགས་ཁག་འཆམ་མཐུན་གྱི་སྒོ་ནས་འཛམ་གླིང་ལ་ལེགས་སྐྱེས་འབུལ་ཐུབ་པ་དགོས་རྒྱུ་ནི་གལ་ཆེན་ཡིན་པར་གསུངས།

པར། འབྲེལ་ཡོད་ནས་མཁོ་སྤྲོད་གནང་།


དེ་བཞིན་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་དཔལ་བཟང་པོ་མཆོག་གིས་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་དགོས་གལ་ཆེ་བ་དང་། ༧གོང་ས་མཆོག་གི་ཐུགས་དགོངས་སྐོར་ངོ་སྤྲོད་དང་ཆབས་ཅིག ཆོས་ལུགས་ཀྱི་ནུས་པ་མཉམ་སྤུངས་ཀྱིས་ད་ལྟའི་འཛམ་གླིང་ནང་གི་དཀའ་སྡུག་སྣ་མང་འཕྲད་བཞིན་པའི་གནས་སྟངས་རྣམས་སེལ་ཐབས། ལྷག་པར་དུ་མ་འོངས་པར་ཆོས་ལུགས་མཐུན་སྒྲིལ་དམ་ཟབ་ཀྱི་སྒོ་ནས་འཛམ་གླིང་ཞི་བདེ་ཡོང་ཐབས། གཞོན་སྐྱེས་མི་རབས་གསར་པ་ཚོས་འཛམ་གླིང་ལ་ལེགས་སྐྱེས་འབུལ་ཐུབ་པར་བཟང་པོའི་ལམ་སྟོན་གནང་རྒྱུ་ནི་གལ་ཆེ་ཡིན་སྐོར་གསུང་བཤད་གནང་ཡོད་འདུག
གཞན་ཡང་རིན་པོ་ཆེ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་དང་དངོས་སུ་མཇལ་འཕྲད་གནང་ནས་༧གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་བདེ་སྐྱིད་ཀྱི་བསྟན་བཅོས་ཞེས་པ་འབུལ་ལམ་ཞུས་འདུག དེ་བཞིན་གོ་སྒྲིག་གནང་མཁན་ཚོས་ཕྱི་ལོ་༢༠༢༥ ལོར་དབྱིན་ཡུལ་དུ་ཆོས་ལུགས་ལྷན་ཚོགས་ཤིག་བསྐྱང་འཆར་ཐོག་མཆོག་སྤྲུལ་རིན་པོ་ཆེ་མཆོག་ངེས་ཕེབས་ཡོང་བའི་རེ་སྐུལ་དང་གསོལ་འདེབས་ཞུས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།