༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དགོངས་པ་རྫོགས་འདུག

ཕྱི་ཟླ་༦ པའི་ཚེས་༡༢་ཉིན་དགུང་གྲངས་བརྒྱ་དང་གཅིག་བཞེས་པའི་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག སྙུན་གཞི་དང་དགུང་ལོའི་བབས་ཀྱིས་བལ་ཡུལ་དུ་རྟེན་གཞི་བྱས་པའི་རིན་པོ་ཆེ་ཁོང་གི་དབེན་གནས་བྱེ་མ་རི་ཁྲོད་དུ་སྐུ་མྱ་ངན་ལས་འདས་འདུག
༧སྐྱབས་རྗེ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ནི་ཁྱུང་པོ་ཁམས་ཉིན་ཞེས་པར་སྐུ་འཁྲུངས་འདུག་པ་དང་།
དགུང་ལོ་བརྒྱད་ནས་དབུ་བཙུགས་ཏེ་ཡི་གེ་འབྲི་ཀློག་དང་ལྷ་བྲིས་ནས། དབང་ལུང་ཁྲིད་གསུམ་དང་རྩིས། དེ་བཞིན་བསྡུས་རྟགས་བློ་གསུམ་ནས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་ཡོངས་ལ་ཐོས་བསམ་དཔྱིས་ཕྱིན་པ་གནང་སྟེ། དགུང་ལོ་ཉེར་བདུན་ཐོག་མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་རྩོད་རྒྱུགས་དམ་བཅར་བཞུགས་ནས་དགེ་བཤེས་ཀྱི་མཚན་རྟགས་བཞེས་འདུག དེ་རྗེས་མཁན་སློབ་རྣམ་པས་ཁོང་རྒྱལ་བ་སྨན་རི་བའི་སློབ་དཔོན་གྱི་བཞུགས་ཁྲིར་མངའ་གསོལ་ཞིང་། མཁན་སྤྲུལ་རྣམ་པའི་དྲུང་ནས་བོན་ཕྱི་ནང་གསང་གསུམ་གྱི་བཀའ་དབང་མ་ལུས་པ་བཞེས། དེ་ནས་བཟུང་བོན་གྱི་མདོ་སྔགས་སེམས་གསུམ་གྱིས་མཚོན་བོན་གྱི་འཁོར་ལོ་རྒྱ་ཆེར་བསྐོར་ནས་རྒྱལ་གཤེན་བསྟན་པ་ཕྱོགས་བཅུར་སྤེལ། ༡༩༥༩ སྐབས་སུ་ཁོང་གིས་རྩ་ཆེའི་རིག་དངོས་དང་རིན་བྲལ་གྱི་དཔེ་རྙིང་དུ་མ་སྦས་སྐུང་དང་སྲུང་སྐྱོབ་མཛད། བོན་གྱི་མདོ་སྔགས་སེམས་གསུམ་གྱི་བསྟན་པ་འཕགས་ཡུལ་དུ་གདན་དྲངས་པ་སོགས་སྐུ་ངལ་ཚད་མེད་བསྐྱོན་ཡོད་འདུག གཞན་ཡང་དབྱིན་ཡུལ་དུ་དབྱིན་ཡིག་སློབ་སྦྱོང་དང་། ལོན་ཌོན་མཐོ་སློབ་ཏུ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་བཤད་ཁྲིད་གནང་བ། ༡༩༦༧ ལོར་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་ཁོངས་ཌོ་ལན་ཇི་ཞེས་པའི་ས་ཆ་ཁྲིམས་མཐུན་ཐོག་ཉོ་སྒྲུབ་མཛད་པ་དང་། བོན་འབངས་ཕྱོགས་གཅིག་ཏུ་བསྡུས་ཏེ་བོན་གཞིས་ཐོབ་རྒྱལ་གསར་པ་བཙུགས་ཏེ་འཚོ་ཐབས་དང་སློབ་གྲྭ་སོགས་མ་ཚང་བ་མེད་པའི་མཐུན་རྐྱེན་སྦྱར་གནང་། ༡༩༦༩ ལོར་རིན་པོ་ཆེ་མཆོག་གིས་ཐུགས་འགན་གཙོ་བོ་བཞེས་ཏེ་སྨན་རིའི་མཁན་ཆེན་སོ་གསུམ་པ་ཁྲི་བསྐོས་མངའ་གསོལ་མཛད་དེ། མཁན་སློབ་རྣམ་པས་དཔལ་གཤེན་བསྟན་སྨན་རིའི་གླིང་ཕྱག་བཏབ་སྟེ་ཕྱི་ཡུལ་དུ་བོན་གྱི་བསྟན་པ་སླར་གསོ་དང་དར་སྤེལ་མཛད། ༢༠༠༧ ལོར་ཁྲི་བརྟན་ནོར་བུ་རྩེ་གསར་བཞེངས་གནང་འགོ་བཙུགས། བོད་དུའང་ཐེངས་འགར་ཕེབས་ཏེ་མདོ་དབུས་ཁམས་གསུམ་གྱི་བོན་དགོན་ཆེ་ཕྲ་ཕལ་ཆེར་ལ་བཀའ་སློབ་ལམ་སྟོན་དབང་ལུང་ཁྲིད་གསུམ་གྱིས་སྨིན་པར་མཛད། མདོར་ན་མི་ལོ་བཅུ་ཕྲག་བདུན་ཙམ་ལ་འཆད་ཉན་གནང་སྟེ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་མཁན་བརྒྱ་ཕྲག་དང་དེ་མིན་གྱི་སློབ་ཚོགས་སྟོང་ཕྲག་མང་པོ་བསྐྱངས་གནང་འདུག་ཅིང་། ཕྱོགས་གང་སར་དུ་བོན་གྱི་བསྟན་པ་དར་ཞིང་རྒྱས་པར་མཛད། ལྷག་ཏུ་༡༩༥༩ ཚུན་ནས་ད་ལྟའི་བར་བོན་གྱི་མདོ་སྔགས་སེམས་གསུམ་གྱི་འགྲེལ་པ་དང་། རྒྱལ་རབས་ལོ་རྒྱུས། བཟོ་རིག་གི་རྣམ་བཤད་སོགས་གསུང་རྩོམ་བོད་ཡིག་ནང་བཞུགས་པ་དེབ་བཅུ་ཕྲག་གཉིས་ལྷག་དང་སྐད་ཡིག་གཞན་ནང་བཅུ་ཕྲག་བཅས་རྗེས་རབས་པ་རྣམས་ལ་བཞག་གནང་འདུག
རིན་པོ་ཆེའི་མཛད་རྣམ་སྙིང་བསྡུས་དེ་ཁྲི་བརྟན་ནོར་བུ་རྩེའི་དྲྭ་ཚིགས་ནས་གསར་འགོད་པ་བསྟན་འཛིན་ལམ་བཟང་གིས་ཕྱོགས་སུ་བཏུས།