༧ པཎ་ཆེན་རིན་པོའི་ཆེའི་འཁྲུངས་སྐར་ཉིན་ཁོང་རྗེས་དྲན་དང་ཞུ་འབོད།

བཙན་བྱོལ་བོད་མིའི་བསྟི་གནས་དྷ་ས་མེག་གྷན་དུ། ༧པན་ཆེན་རིན་པོ་ཆེ་སྐུ་ཕྲེང་༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་དགུང་ལོ་༢༨ ཕེབས་པའི་འཁྲུངས་སྐར་ཉིན། བོད་མི་ཚོས་ཁོང་རྗེས་དྲན་དང་གློད་གྲོལ་ཡོང་བའི་འབོད་སྐུལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

ཟླ་འདིའི་ཚེས་༢༥ ཉིན་དྷ་ས་མེག་གྷན་དུ་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་དྷ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་བཅས་ཀྱི་གོ་སྒྲིག་འོག པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མའི་གནས་སྟངས་སྐོར་གོ་རྟོགས་དང་ཁོང་གློད་གྲོལ་ཡོང་བའི་མིང་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

དེ་གར་བོད་མི་དང་ཕྱི་རྒྱལ་བ། རྒྱ་གར་བ་སོགས་ཀྱིས་མིང་རྟགས་བསྡུ་རུབ་ཀྱི་ལས་འགུལ་ལ་མཉམ་ཞུགས་བྱས་ཡོད་པ་རེད། དེ་བཞིན་ས་གནས་གཞན་ཁག་ལ་ཡང་མིང་རྟགས་བསྡུ་རུབ་དང་རྐང་སྤོལ་འགྲན་བསྡུར་སོགས་རྗེས་དྲན་གྱི་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་རེད་འདུག

ཚོགས་པ་གསུམ་གྱིས་ཟུང་དུ་སྤེལ་བའི་བསྒྲགས་གཏམ་ནང་ས་གནས་གཞོན་ལྷན་གྱི་ཚོགས་གཙོ་དབང་ལྡན་སྐྱབས་ཀྱིས་“རྒྱ་ནག་གཞུང་གིས་༧པན་ཆེན་རིན་པོ་ཆེ་ལོ་༢༠ ལས་མང་བར་བོད་མི་ཚོ་དང་འཛམ་གླིང་མི་མང་ལས་བཙན་འཁྲིད་བྱས་ཡོད་ཀྱང་། ང་ཚོས་ཁོང་དྲན་པ་བརྗེད་མེད། ཁོང་ནི་འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་ལོ་ན་ཆུང་ཤོས་ཡིན་པས། རྒྱལ་སྤྱིའི་འགོ་ཁྲིད་ཚོས་ཁོང་གློད་གྲོལ་ཡོང་ཆེད་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་རེ་སྐུལ་བྱེད་ཀྱི་ཡོད་”ཅེས་བརྗོད་འདུག དེ་བཞིན་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་བསྟན་འཛིན་ཚེ་བརྟན་གྱིས་“རྒྱ་ནག་གཞུང་གིས་༧པན་ཆེན་རིན་པོ་དགེ་འདུན་ཆོས་ཀྱི་ཉི་མ་བཙན་འཁྲིད་བྱས་ཏེ། ༧པན་ཆེན་གཞན་ཞིག་བསྐོ་གཞག་བྱས་པ་དེ་ནི་བོད་མིའི་ཆོས་དང་རིག་གཞུང་ལམ་ལུགས་དང་བཅས་པ་ལ་དབང་སྒྱུར་བྱེད་ཐབས་ཡིན་པར་ངོས་འཛིན་བྱེད་དགོས་”ཞེས་བརྗོད་འདུག

དེ་བཞིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་ཉིན་མོ་དེ་དང་བསྟུན་ནས་“གར་སོང་ཆ་མེད་དུ་གྱུར་པའི་པཎ་ཆེན་བླ་མ་”ཞེས་པའི་བརྙན་འཕྲིན་བཟོ་སྒྲིག་བྱས་པ་ཞིག་སྒོ་འབྱེད་བྱས་ཡོད་འདུག དེའི་ནང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ཅིག་གི་གྲོས་ཚོགས་འཐུས་མི་སོགས་ཀྱིས་བསམ་ཚུལ་བརྗོད་ཡོད་འདུག

དྷ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་༼༧ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་རིན་པོ་ཆེ་མཆོག་གི་མཛད་རྗེས་ལ་བཀྲིན་དང་༧ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་ད་བར་རྒྱ་དམར་གྱིས་འཛིན་བཟུང་བཀག་ཉར་༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་གོ་སྒྲིག་བྱས་ཡོད་པ་དང་། དེ་གར་གཏམ་བཤད་པ་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་གཉིས་རེད་འདུག

པཎ་ཆེན་སྐུ་ཕྲེང་༡༠ སྐུ་གཤེགས་རྗེས་༡༩༩༥ ལོའི་ཕྱི་ཟླ་༥ ཚེས་༡༤ ཉིན་༧གོང་ས་མཆོག་གིས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་དགེ་འདུན་ཆོས་ཀྱི་ཉི་མ་ངོས་འཛིན་བྱས་ནས་ཉིན་གསུམ་གྱི་རྗེས། རྒྱ་ནག་གཞུང་གིས་ཁོང་གི་ཡབ་ཡུམ་ནང་མི་དང་བཅས་པ་བཙན་ཁྲིད་བྱས་ནས། གར་སོང་ཆ་མེད་དུ་གྱུར་པ་དང་། དེའི་སྐབས་ཁོང་དགུང་ལོ་༦ ཡིན་པས་རྒྱལ་སྤྱིའི་ནང་གི་ཆབ་སྲིད་བཙོན་པ་ཆུང་ཤོས་དེ་ཆགས་ཡོད་པ་རེད། དེ་ནས་རྒྱ་ནག་གཞུང་གིས་བོད་ཕྲུག་གཞན་ཞིག་པཎ་ཆེན་གྱི་ཡང་སྲིད་དུ་ངོས་འཛིན་བྱས་ཏེ། པཎ་ཆེན་རྒྱལ་མཚན་ནོར་བུ་ཞེས་མིང་བཏགས་ཏེ། གསོ་སྐྱོང་བྱེད་བཞིན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།