༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་གྱི་འཁྲུངས་སྐར་ལ་འཚམས་འདྲི་གནང་།

པར། བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བ།

ཕྱི་ཟླ་༠༦ པའི་ཚེས་ ༡༩ ཉིན་དགུང་གྲངས་༦༧ ལ་ལོན་པའི་རྒྱ་གར་གྱི་སྲིད་འཛིན་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འཕྲིན་གནང་འདུག་པ་དང་། འཚམས་འཕྲིན་གྱི་ནང་དུ། སྲིད་འཛིན་གྱིས་མཁྱེན་གསལ་ལྟར་ཕྱི་ལོ་ ༡༩༥༩ ཟླ་བ་ ༠༣ པའི་ནང་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྒེར་ལངས་བྱས་ཏེ་བོད་ནས་བཙན་བྱོལ་དུ་གྱར་དགོས་བྱུང་བ་ནས་བཟུང་། ༧གོང་ས་མཆོག་གི་སྐུ་ཚེའི་དུས་ཡུན་ཕལ་ཆེ་བ་རྒྱ་གར་དུ་བསྐྱལ་ཡོད་པར་བརྟེན། མགོན་པོ་གང་ཉིད་ལ་རྒྱལ་ཁབ་འདིར་དམིགས་བསལ་གྱི་ཐུགས་ཐག་ཉེ་པོ་ཡོད་པ། མ་ཟད་རྒྱ་གར་ནི་འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་སྦྲགས་མང་གཙོ་ཆེ་ཤོས་ཡིན་ཞིང་། ལྷག་པར་དུ་གནའ་བོའི་ཤེས་ཡོན་གྱི་འབྱུང་ཁུངས་བཅས་ཡིན་པས། གནའ་དེང་ཤེས་ཡོན་ཟུང་དུ་སྦྲེལ་ན་འཛམ་བུ་གླིང་དུ་ཞི་བདེ་དང་བདེ་སྐྱིད་བསྐྲུན་པར་ཕན་ཐོགས་ཡོང་བར་ཁོང་ལ་ཡིད་ཆེས་ཡོད་པ། 

དེ་བཞིན་མགོན་པོ་གང་ཉིད་ཀྱིས་རྒྱ་གར་གྱི་སྲོལ་རྒྱུན་དུ་ཡོད་པའི་སེམས་དང་སེམས་བྱུང་གི་རྣམ་གཞག་སྐོར་གོ་རྟོགས་སྤེལ་རྒྱུའི་ལས་དོན་གཉེར་མུས་ཡིན་པ་དང་། འདིས་སེམས་ཀྱི་ཞི་བདེ་ཐོབ་པ་དང་། བྱམས་སྙིང་རྗེ་དང་ལྡན་པའི་གཞི་རྟེན་དུ་གྱུར་བའི་ཡིད་ཆེས་ཡོད་པའི་སྐོར་སོགས་དང་། གཞན་ཡང་མགོན་པོ་གང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་རྒྱ་གར་གཞུང་དང་མི་མང་གིས་ལོ་ངོ་དྲུག་ཅུ་རེ་དྲུག་ལྷག་རིང་མགྲོན་བསུ་སྣེ་ལེན་ཞུས་པར་རྟག་ཏུ་བཀའ་དྲིན་དགོངས་བཞིན་ཡོད་པ་མ་ཟད། རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་བྱམས་སྙིང་རྗེ་དང་། འཚེ་བ་མེད་པ་ལས་རྟེན་པའི་ནང་པ་སངས་རྒྱས་པའི་རིག་གཞུང་སྲུང་སྐྱོབ་དང་། མི་ཉམས་རྒྱུན་འཛིན་ཐོག་རམ་འདེགས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། དེ་བཞིན་སྲིད་འཛིན་ལགས་ཀྱི་སྐུ་ཁམས་གསལ་ཐང་དང་། བྱ་བ་ལམ་ལྷོངས་ཡོང་བའི་ཐུགས་སྨོན་བཅས་གནང་འདུག

གསར་འགོད་པ། བསྟན་འཛིན་ལམ་བཟང་།