༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་ཞེས་པའི་འགྲེམས་སྟོན་ཁང་དབུ་འབྱེད།
ཕྱི་ཟླ་༧ པའི་ཚེས་༦ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གིས་“༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་”ཞེས་པ་དེང་རབས་ཅན་གྱི་འགྲེམས་སྟོན་ཁང་གསར་པ་ཞིག་བཞུགས་སྒར་རྡ་རམ་ས་ལར་དབུ་འབྱེད་གནང་སོང་།
སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ༸རྒྱལ་བ་རིོན་པོ་ཆེ་དང་བོད་ཀྱི་རིག་གཞུང་གཉིས་ཀྱི་མཚན་སྙན་དེ་འཛམ་བུ་གླིང་ལ་འོད་ཟེར་ཁྱབ་པ་ལྟ་བུར་གྱུར་པ་འདི་ནི། ཁོང་༸སྐུ་སྒེར་ཁོ་ནས་སྒྲུབ་བཞག་པ་ཞིག་མིན་པར། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་ལྷག་བསམ་དང་སྙིང་སྟོབས་སོགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྐོར་གསུངས་འདུག
མཛད་སྒོའི་ཐོག་༧གོང་ས་མཆོག་དབུ་བཞུགས་ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་དང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། དགའ་ལྡན་ཁྲི་པ་བློ་བཟང་བསྟན་འཛིན། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་སོགས་ཕེབས་ཡོད་པ་རེད།
དཔེ་མཛོད་དང་འགྲེམས་སྟོན་ཁང་གསར་པ་དེ་ནི་དྷ་སའི་༸རྒྱལ་བའི་ཕོ་བྲང་རྒྱབ་ཕྱོགས་སྐོར་ལམ་གྱི་ལྷ་རྒྱལ་རིར་ཆགས་ཡོད་ཅིང་། ཡིག་ཚགས་ཁང་དེའི་ཡང་སྟེང་དུ་ཚོགས་ཁང་ཆེན་པོ་ཞིག་གསར་རྒྱག་ཟིན་ཡོད་པ་དེའི་ནང་འབྱུང་འགྱུར་༸གོང་ས་མཆོག་གིས་མཇལ་ཁ་དང་བཀའ་སློབ། མཁས་པའི་བགྲོ་གླེང་ཚོགས་འདུ་ཚོགས་རྒྱུའི་ཆེད་དུ་བེད་སྤྱོད་གནང་རྒྱུ་ཡིན་འདུག་ཅིང་། ཚོགས་ཁང་གི་འོག་ཐོག་ཏུ་༸གོང་ས་མཆོག་གི་ཡིད་ཆེས་དགེ་རྩའི་ལས་ཁུངས་དང་། གསུང་འབུམ་ཕྱོགས་སྒྲིག་སྡེ་ཚན་གྱི་ལས་ཁུངས། སྒྲ་བརྙན་སྡེ་ཚན་གྱི་ལས་ཁུངས་སོགས་ཡོད་པ་རེད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ཀྱི་གནད་དོན་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་མིན་པར། བདེན་པའི་འཐབ་རྩོད་དང་དྲང་བདེན་གྱི་འཐབ་རྩོད་ཅིག་ཡིན་པ་དང་། བོད་ཀྱི་རིག་གཞུང་ནི་ནང་སེམས་ཞི་བདེ་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་ཐུན་མོང་མ་ཡིན་པ་ཞིག་ཡིན་པས། མི་ཉམས་རྒྱུན་འཛིན་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གྱི་བཀའ་སློབ་གནང་སོང་།
གཞན་ཡང་དགའ་ལྡན་ཕོ་བྲང་དགེ་རྩའི་ཚོགས་གཙོའི་ལས་ཚབ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེས། བོད་མིའི་འདས་པའི་བྱུང་རབས་ནང་། མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བ་དང་། ས་ཁུངས་ཡུལ་ལུང་གི་གནས་བབ། ཆབ་སྲིད་དང་ཁྲིམས་མཐུན་གྱི་ཡིག་ཆ་སོགས་བདག་གཉར་ཚད་ལྡན་བྱ་རྒྱུའི་ལམ་སྲོལ་མེད་པར་གཞན་ཆ་ཕྱིན་པ་དེས། བོད་ཀྱི་སྲིད་དོན་གྱི་བྱུང་རབས་ལ་གཞན་གྱིས་འཁྱོགས་བཤད་བྱེད་སྐབས། ཡིག་ཆའི་བདེན་རྟགས་དང་བཅས་ཏེ་ཡོ་བསྲངས་བྱ་དཀའ་བའི་ཉམས་མྱོང་དངོས་བྱུང་བར་བརྟེན། བོད་མིའི་ཤེས་ཡོན་ཅན་མང་པོས་བཙན་བྱོལ་དུ་འབྱོར་རྗེས། ཆབ་སྲིད་དང་དཔལ་འབྱོར། ཤེས་ཡོན། དེ་བཞིན་སྤྱི་ཚོགས་ཀྱི་འཚོ་བ་སོགས་དང་འབྲེལ་བའི་ཡིག་རིགས་ཁག་དེང་རབས་ཚན་རིག་དང་མཐུན་པར་བདག་གཉར་བྱ་རྒྱུ་གལ་ཆེན་དུ་མཐོང་སྟེ། འབད་བརྩོན་སྔ་རྗེས་གནང་བས་མཐར་འགྲེམས་སྟོན་ཁང་འདི་བཞིན་དངོས་སུ་དབུ་འབྱེད་གནང་ཐུབ་པ་བྱུང་ཡོད་པ་འགྲེལ་བརྗོད་གནང་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།