༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་རྩེད་རིགས་འགྲན་ཚོགས།
ཁལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོལ་རྒྱུན་རྒྱལ་ཡོངས་རྩེད་རིགས་ཚོགས་པས་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་རྒྱལ་སྤྱིའི་ལོ་དང་།ཁལ་མུག་ཏུ་རྟེན་གཞི་བྱས་པའི་ནང་པའི་དགོན་པ་དགེ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་དབུ་བརྙེས་ནས་ལོ་ངོ་༢༥འཁོར་བའི་དུས་དྲན་སྲུང་བརྩི་ཞུ་སླད་ཁལ་མུག་Yergeninskyཞེས་པའི་ས་གནས་སུ་སྲོལ་རྒྱུན་གྱི་རྩེད་རིགས་འགྲན་ཚོགས་ཤིག་གོ་སྒྲིག་བྱས་ཡོད་པ་རེད།
ཟླ་འདིའི་ཚེས་༥ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན།༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་རྒྱལ་སྤྱིའི་ལོར་སྲུང་བརྩི་ཞུ་བའི་ལས་རིམ་ཁོངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོལ་རྒྱུན་སྦེ་ག་འགྲན་སྡུར་དང་།སྲོལ་རྒྱུན་མདའ་འགྲན།དཔུང་ཤུགས་འགྲན་སྡུར།དེ་བཞིན་རྟ་རྒྱུག་འགྲན་སྡུར་སོགས་གོ་སྒྲིག་བྱས་ཡོད་པ་མ་ཟད།རོལ་དབྱངས་སྤྲོ་སྟོན་གྱི་ལས་རིམ་ཞིག་འཚོགས་ཏེ་ཁལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྙན་གྲགས་ཆེ་བའི་རོལ་དབྱངས་ཚོགས་པ་ཁག་གཅིག་མཉམ་ཞུགས་བྱས་ཡོད་པ་རེད།
དེ་བཞིན་རྩེད་འགྲན་སྐབས་རྩེ་ཕུད་སོན་པ་རྣམས་ལ་ཏེ་ལོ་རིན་པོ་ཆེས་ཕྱག་ནས་བྱ་དགའ་སྟེ་གསུང་བཤད་གནང་དོན།“དེ་རིང་ངས་ལྷན་རྒྱས་ཚང་མ་ལ་ང་ཚོའི་སྲོལ་རྒྱུན་རྩེད་རིགས་དུས་ཆེན་གྱི་དབུ་འབྱེད་ལ་འཚམས་འདྲི་ཞུ་རྒྱུ་ཡིན།འདི་ལོ་ང་ཚོའི་དུས་ཆེན་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་རྒྱལ་སྤྱིའི་ལོ་དང་།དགེ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་དབུ་བརྙེས་ནས་ལོ་ངོ་༢༥འཁོར་བའི་ལོ་འཁོར་དུས་དྲན་གཉིས་དུས་གཅིག་ལ་ཁེལ་ཡོད།ན་ནིང་ཕྱི་ཟླ་༧ཚེས་༦ཉིན་རྒྱལ་སྤྱིའི་མི་ཚོགས་རྣམས་ཀྱིས་ལོ་ཧྲིལ་པོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུས་ཡོད་པ་དང་།འཛམ་གླིང་ས་ཕྱོགས་གང་སར་རྒྱལ་ཁབ་དང་ས་ཁུལ་མང་པོས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་སླད་ལས་རིམ་སོགས་གོ་སྒྲིག་གཟབ་རྒྱས་ཞུས་ཡོད། ཅིའི་ཕྱིར་རྒྱལ་ཁབ་མང་པོ་ཞིག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡོད་དམ།ཐོག་མར་ང་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོར་བཀའ་སློབ་ཡང་ཡང་སྩལ་བར་ཐུགས་རྗེ་ཞུ་རྒྱུ་ཡིན།བཀའ་སློབ་དེ་དག་ནི་དོན་ཟབ་ལ་བྱམས་སྙིང་རྗེས་ཁེངས་པ་ཞིག་ཡིན།ང་ཚོས་མགོན་པོ་གང་ཉིད་ཀྱིས་འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།དེ་བཞིན་མགོན་པོ་གང་ཉིད་ཀྱིས་འབད་བརྩོན་ཆེན་པོས་ང་ཚོའི་འཛམ་གླིང་ནང་མིའི་དབར་ཞི་བདེ་དང་མཛའ་མཐུན།མི་ཕན་ཚུན་དབར་བརྩི་འཇོག་ཡོང་བར་འབད་གནང་ཡོད་པ་ནི་དོན་དངོས་ཡིན།མགོན་གང་ཉིད་ཀྱི་ཆོས་ཕྱོགས་ཀྱི་འབད་བརྩོན་ལ་བརྟེན་ནས་ང་ཚོས་ང་ཚོའི་ཆོས་དང་།རིག་གཞུང་།མི་རིགས་ཀྱི་སྲོལ་རྒྱུན་བཅས་མི་ཉམས་རྒྱུད་འཛིན་བྱེད་ཐུབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།དེ་རིང་ཁལ་མུག་ནང་བསྟན་མཐུན་ཚོགས་ཀྱིས་ད་ལན་འགྲན་སྡུར་གྱི་བྱ་དགའ་སྟེ་རླངས་འཁོར་གསར་རྐྱང་ཞིག་གནང་རྒྱུ་ཁྱབ་བསྒྲགས་གནང་སོང་།ངས་འགྲན་སྡུར་བྱ་མི་ཡོངས་ལ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་”ཞེས་གསུངས་ཡོད་པ་རེད།
དེ་ཡང་རྩེད་རིགས་ཀྱི་འགྲན་སྡུར་ཐོག་དུས་ཆེན་གྱི་རྣམ་པས་ཁེངས་ཤིང་།མི་ཉིས་སྟོང་ལྷག་ཚང་འཛོམས་གནང་སྟེ་སྲོལ་རྒྱུན་གྱི་རྩེད་རིགས་འགྲན་སྡུར་ལ་ལྟད་མོ་ལྟས་ཡོད་པ་མ་ཟད།མི་ཚང་མས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་བཀའ་སློབ་ཁྲོད་ཀྱི་བྱམས་བརྩེ་དང་།ཕན་སེམས།སྤྲོ་སྣང་བཅས་ལ་རོལ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།