༸གོང་ས་མཆོག་གིས་དགའ་ལྡན་ཁྲི་པ་བསྐོ་གཞག་གི་བཀའ་ཡིག་ཕྱག་རྟགས་བསྩལ།

ཟླ་འདིའི་ཚེས་༢༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་རྩེ་ཆོས་རྗེ་བློ་བཟང་བསྟན་འཛིན་མཆོག་ལ་དཔལ་མཉམ་མེད་རི་བོ་དགེ་ལྡན་བསྟན་པའི་སྲོག་ཤིང་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༤ པར་བསྐོ་གཞག་གི་བཀའ་ཡིག་ཕྱག་རྟགས་བསྩལ་ཡོད་པ་རེད།

དགའ་ལྡན་ཁྲི་པ་བློ་བཟང་བསྟན་འཛིན་མཆོག་ཕྱི་ལོ་༡༩༣༥ ལོར་བོད་གཙང་སྟོད་ལྷ་རྩེ་ཁུལ་དུ་སྐུ་འཁྲུངས་པ་དང་། ༧རྒྱལ་དབང་ལྔ་པས་ཕྱག་བཏབ་པའི་ལྷ་རྩེ་དགོན་དུ་ཆོས་ཞུགས་དང་མཁན་ཆེན་བསྟན་འཛིན་རྒྱ་མཚོའི་སྐུ་མདུན་ནས་རབ་ཏུ་བྱུང་། དགུང་ལོ་ཉེར་ལྔའི་ཐོག་ཁྲི་བྱང་རིན་པོ་ཆེའི་ཞལ་ལྔ་ནས་བསྙེན་རྫོགས་ཀྱི་རྫོགས་ཀྱི་བསྡོམས་པ་བཞེས། རྒྱ་ནག་གིས་བོད་དབང་བསྒྱུར་རྗེས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ནས་སྦག་ས་ཆོས་སྒར་དུ་བཞུགས། ༡༠༧༠ ལོ་ནས་རྒྱ་གར་ལྷོ་ཕྱོགས་སེར་ར་དགོན་པར་བཞུགས་པ་དང་། གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་གནང་ནས་༡༩༧༨ ལོར་ལྷ་རམས་པའི་མཚན་རྟགས་བཞེས།

རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ནི་སེར་བྱེས་མཁས་སྙན་གྲྭ་ཚང་གི་གཙང་པ་ཁང་ཚན་ནས་ཡིན་ཞིང་། རིམ་བཞིན་རྒྱུད་གྲྭར་ཞུགས་ནས་མདོ་སྔགས་ཟུང་འབྲེལ་གྱི་གནད་རྣམས་གསན་བསམ་དང་། བྱང་རྩེ་ཆོས་རྗེའི་ཁྲི་ལ་ཕེབས། ༢༠༡༧ ལོའི་ཕྱི་ཟླ་༦ ཚེས་༢༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་༡༠༤ པར་བསྐོ་གཞག་གི་བཀའ་ཡིག་ཕྱག་རྟགས་བསྩལ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།