༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་བསྒྱུར།
ཟླ་འདིའི་ཚེས་༥ ཉིན་༸གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གནམ་ཐང་དུ་༸ཞབས་སོར་འཁོད་པ་དང་། སྦེང་ལོར་ཁུལ་དུ་དགའ་ལྡན་ལྔ་མཆོད་ཀྱི་དུས་མཆོད་ཕྱིར་སྨོན་ལམ་གསུང་འདོན་མཛད་པ་སོགས་མཛད་འཕྲིན་བསྐྱངས་ཡོད་པ་རེད།

དེར་གླིང་མཆོག་སྤྲུལ་རིན་པོ་ཆེ་དང་། ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་མཁན་བླ་སྤྲུལ་དང་སྐུ་ཚབ་རྣམ་པ། བདེ་སྲུང་དྲུང་ཆེ་ཕ་ཟུར་དབང་ཕྱུག ལྷོ་སྤྱི་ཀརྨ་དགྲ་འདུལ་སོགསཀྱིས་གཙོས་བདེ་སླར་དང་ཧོན་སུར་ས་གནས་འགོ་འཛིན། དེ་བཞིན་བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་རྣམ་པས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། སྐབས་དེར་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔའི་དགོན་སྡེ་གྲྭ་ཚང་ཁག་གི་མཁན་བླ་སྤྲུལ་གྱིས་དབུས་པའི་གྲྭ་བཙུན་རྣམས་དང་། ས་གནས་ནས་བཅར་བའི་བོད་མི་མང་སྤྱི་འཐུས་ལས་ཐོག་པ་ཁག་གཅིག དེ་བཞིན་ལྷོ་གཞིས་ཁག་ལྔའི་ས་གནས་འགོ་འཛིན་གཙོས་པའི་གནད་ཡོད་མི་སྣ། སྦེང་ལོར་ཁུལ་གྱི་ལས་སློབ་ཁག་གཅིག་བཅས་ཁྱོན་མི་གྲངས་ ༢༠༠ ཙམ་གྱིས་མགོན་པོ་གང་ཉིད་མཆོག་འདི་ལོ་དགུང་གྲངས་གྱ་གཅིག་ཕེབས་པའི་༸སྐུའི་གྱ་སྟོན་དང་འབྲེལ་བའི་སྒོ་ནས་ལམ་ཟུར་གཡས་གཡོན་གཉིས་སུ་དད་ལྡན་སེར་སྐྱ་ཕོ་མོའི་ལག་ཏུ་དཀར་གཙང་མཇལ་དར་ཐོགས་པ་དང་། ཕྱོགས་མཚུངས་ལམ་ཟུར་དུ་སྦེང་ལོར་མཐོ་སློབ་འགྲིམ་བཞིན་པའི་བོད་རིགས་སློབ་མས་བོད་ཀྱི་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན། ཧོན་སུར་རྫོང་ཁ་ཆོས་སྡེའི་དགེ་འདུན་པ་ཁག་གཅིག་གིས་སེངྒེས་འགྱིང་ཉམས་ཀྱི་འཁྲབ་སྟོན་གནང་བ་སོགས་ཕེབས་བསུ་གཟབ་རྒྱས་ཞུས།
ཐེངས་འདིར་བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་རྗེ་ཙོང་ཁ་པ་ཆེན་པོ་དགོངས་པ་མྱ་ངན་ལས་འདས་པའི་དུས་མཆོད་དགའ་ལྡན་ལྔ་མཆོད་ཀྱི་ཉིན་མོ་གལ་འགངས་ཆེ་བ་ཞིག་འཁེལ་ཡོད་སྟབས། ༸གོང་ས་མཆོག་གིས་བཞུགས་གནས་མགྲོན་ཁང་དེའི་ནང་དབུ་བཞུགས་མཛད་ཐོག་མཁན་བླ་སྤྲུལ་རྣམས་དང་། དེ་བཞིན་དགེ་བཤེས་དང་དགེ་འདུན་པ་བཅས་ལྷན་བཞུགས་ཀྱིས་རྗེ་ཙོང་ཁ་པ་ཆེན་པོ་མཆོག་རྗེས་སུ་དྲན་པའི་སྐྱེས་ཆེན་དམ་པ་ཁོང་གིས་མཛད་པའི་རྟེན་འབྲེལ་བསྟོད་པ་དང་། རྟོགས་བརྗོད་བདུན་ལེགས་མ་གསུང་འདོན་མཛད།
ཉིན་གུང་ལྗགས་སྨིན་གྲུབ་མཚམས་སྦེང་ལོར་ཁུལ་དུ་རྟེན་གཞི་བྱས་པའི་ཨཱེ་ཊི་སི་གཱར་ཌན་ནི་ཡ་(ITC Gardenia Hotel) ཞེས་པའི་མགྲོན་ཁང་ཆེན་མོའི་ནང་རྒྱ་གར་གཏོང་ཕོད་ཅན་གྱི་ལྷན་ཚོགས་(India Philanthropy Initiative) ཤིག་གི་ལས་རིམ་ཐོག་མགོན་པོ་གང་ཉིད་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཐུགས་བརྩེ་གཟིགས་ཆེན་པོས་ཆིབས་བསྒྱུར་བསྐྱངས་ཏེ་ལྷན་ཚོགས་དེའི་ཚོགས་མི་རྣམས་ལ་བླང་དོར་བཀའ་སློབ་བསྩལ་གྲུབ་རྗེས་བཞུགས་གནས་མགྲོན་ཁང་དུ་ཆིབས་ཞལ་བསྒྱུར་གནང་ཡོད་པ་རེད།
ཕྱི་ཚེས་ ༨ ཉིན་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་རྟེན་འབྲེལ་བསྟོད་པ་དང་། རྟོགས་བརྗོད་འདུན་ལེགས་མ། ལྟ་ཁྲིད་དྲན་པ་བཞི་ལྡན་བཅས་སྩལ་རྒྱུ་དང་། ཕྱི་ཚེས་ ༩ དང་ ༡༠ ཉིན་དཔལ་གསང་བ་འདུས་པའི་བཀའ་དབང་བསྩལ་རྒྱུ། ཕྱི་ཚེས་ ༡༡ དང་ ༡༢ ལ་སྨད་རྒྱུད་ཁྲིད་ཆེན་བརྒྱད་བཅས་ཀྱི་གསུང་ཆོས་སྩལ་རྒྱུ། ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་སྨད་རྒྱུད་གྲྭ་ཚང་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག