༸གོང་ས་མཆོག་གིས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་བཀའ་སློབ་བསྩལ་གཏན་འཁེལ་བ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཉིན་དང་པོར་བཀའ་སློབ་བསྩལ་གཏན་འཁེལ་འདུག

དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་དྲ་ཚིགས་སྟེང་དུ་བཀོད་པ་ལྟར། ༧གོང་ས་མཆོག་གིས་ཟླ་འདིའི་ཚེས་༥ ཉིན་སིང་ག་པོར་གྱི་བོད་བརྒྱུད་ནང་པའི་ཆོས་ཚོགས་(Tibetan Buddhist Center, Singapore) ཀྱིས་གཙོས་པའི་ཚོགས་པ་ཁག་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་གྱི་ནང་པའི་ལྷག་པའི་བསླབ་པ་གསུམ་གྱི་བརྗོད་གཞིའི་ཐོག་ཉིན་གསུམ་རིང་གི་བགྲོ་གླེང་ཉིན་དང་པོར་དྲ་ལམ་བརྒྱུད་རྒྱ་གར་གྱི་ཆུ་ཚོད་༩།༣༠ ནས་༡༡།༠༠ བར་དབུ་བཞུགས་དང་བཀའ་སློབ་བཀའ་དྲིན་སྩལ་གཏན་འཁེལ་འདུག

དུས་རྒྱུན་ལྟར། མཛད་རིམ་འདི་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་ཨིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་རེད་འདུག་པ་དང་། གསན་གཟིགས་གནང་མཁན་ཚོ་ལ་ས་གནས་སོ་སོའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་བརྩི་སྲུང་བྱེད་དགོས་པའི་སྐུལ་མ་བྱས་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།