༸གོང་ས་མཆོག་གི་འཁྲུངས་སྐར་ཉིན་འབྲས་ལྗོངས་གཞུང་གུང་སེང་གཏོང་འཆར།

ཟླ་འདིའི་ཚེས་༥ ཉིན་འབྲས་ལྗོངས་མངའ་སྡེའི་གཞུང་གིས་༧གོང་ས་མཆོག་ལ་ཆེ་བསྟོད་ཚུལ་དུ་སྐུའི་འཁྲུངས་སྐར་ཉིན་༢༠༡༦ ལོ་ནས་ཟླ་༧ ཚེས་༦ ཉིན་ལོ་ལྟར་གཞུང་འབྲེལ་གུང་སེང་ཡིན་པར་ཁྱབ་བསྒྲགས་བྱས་འདུག

12312202_1ཐག་གཅོད་དེ་བྱུང་ཚུལ་ནི་འདི་ལོའི་༧སྐུའི་འཁྲུངས་སྐར་རྗེས་སུ། མངའ་སྡེའི་བློན་ཆེན་གྱིས་འབྲས་ལྗོངས་སུ་ཡོད་པའི་བོད་མིའི་ཆེད་དུ་གྲོས་སྡེའི་ལས་ཁུངས་སུ་བོད་མིའི་སྐུ་ཚབ་གཅིག་གི་རྐུབ་སྟེགས་གནང་ཡོད་པས། སྐུ་ཚབ་དེ་བརྒྱུད་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་མངའ་སྡེའི་གཞུང་འབྲེལ་གྱི་གུང་སེང་གཏོང་བའི་རེ་སྐུལ་བྱས་པར་བརྟེན། ཁོང་གིས་ཁས་ལེན་བྱས་པ་ཞིག་ཡིན་འདུག འབྲས་ལྗོངས་བོད་མིའི་ས་གནས་ལས་ཁུངས་ཀྱིས་འབྲས་ལྗོངས་བང་ཆེན་གསར་ཤོག་སྟེང། མངའ་སྡེའི་མི་མང་དང་སྤྱི་ཆབ་བློན་ཆེན་ལ་ཐག་གཅོད་དེར་ཐུགས་རྗེ་ཆེ་ཞུས་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།

འབྲས་ལྗོངས་མངའ་སྡེ་ནི་མང་ཆེ་བ་ནང་པ་ཡིན་པའི་ས་ཁུལ་ཞིག་ཡིན་ཁར། ལོ་ངོ་དུ་མའི་སྔོན་ནས་བོད་དང་ཆོས་འབྲེལ། ཚོང་འབྲེལ་སོགས་ཀྱི་འབྲེལ་བ་ཡོད་པ་ཞིག་རེད། ཕྱི་ལོ་༡༩༧༥ ཡི་སྔོན་དུ་མངའ་སྡེ་དེ་ཉིད་རྒྱལ་པོའི་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང། རྗེས་སུ་རྒྱ་གར་གྱི་ཁོང་སུ་ཟླ་སྒྲིལ་བྱས་པ་ཞིག་རེད། མངའ་སྡེ་དེའི་མི་མང་གི་གུང་སེང་ཐོ་གཞུང་ནང་དུ་བོད་ཀྱི་ལོ་གསར་ཡང་ལོ་ལྟར་བཀོད་ཀྱི་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།