༸རྒྱལ་ཚབ་སྐུ་ཕྲེང་དང་པོ་༸དྲུང་གཽ་ཤྲཱི་དཔལ་འབྱོར་དོན་གྲུབ་སྐུ་བལྟམས་ནས་མི་ལོ་ ༦༠༠ འཁོར་བའི་དུས་དྲན་གྱི་མཛད་སྒོ་ཚོགས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲྭ་བའི་པར།

ཕྱི་ཟླ་ ༡༠ པའི་ཚེས་ ༡༧ ཉིན་རྒྱ་གར་འབྲས་ལྗོངས་སུ་རྟེན་གཞི་བྱས་པའི་གདན་ས་༸དཔལ་ཆེན་ཆོས་གླིང་དགོན་དུ་༸སྐྱབས་མགོན་རྒྱལ་བའི་༸རྒྱལ་ཚབ་སྐུ་ཕྲེང་དང་པོ་༸དྲུང་གཽ་ཤྲཱི་དཔལ་འབྱོར་དོན་གྲུབ་སྐུ་བལྟམས་ནས་མི་ལོ་ ༦༠༠ འཁོར་བའི་དུས་ཆེན་མཛད་སྒོ་ཞིག་ཚོགས་གནང་འདུག་པ་དང་། 

སྐབས་དེར་མཛད་སྒོའི་ཐོག་༸སྐྱབས་མགོན་གཽ་ཤྲཱི་༸རྒྱལ་ཚབ་སྐུ་ཕྲེང་བཅུ་གཉིས་པ་ཆེན་པོ་མཆོག་དབུས་པའི་༧སྐྱབས་རྗེ་མཁན་སྤྲུལ་རྣམ་པ་དང་། སྐུ་མགྲོན་གཙོ་བོ་རྒྱ་གར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་སྐུ་ཚབ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་། འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་སྐུ་ལྕམ། འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་དང་འཐུས་མི་ཁག་ཅིག བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་དྲུང་ཆེ་སོགས་ཕྱི་ནང་གི་སྐུ་མགྲོན་དང་། གཞན་ཡང་ས་གནས་དད་ལྡན་སེར་སྐྱ་མང་པོ་ཞིག་འཛོམས་ཡོད་འདུག 

མཛད་སྒོའི་ཐོག་ཏུ་༸སྐྱབས་མགོན་གཽ་ཤྲཱི་༸རྒྱལ་ཚབ་སྐུ་ཕྲེང་བཅུ་གཉིས་པ་ཆེན་པོ་མཆོག་གིས་བཀའ་སློབ་དང་། ༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་༧རྒྱལ་ཚབ་སྐུ་ཕྲེང་དང་པོ་ནས་ད་ལྟར་སྐུ་འཚོ་ཞིང་བཞུགས་པ་སྐུ་ཕྲེང་བཅུ་གཉིས་པ་བཅས་ཀྱི་གལ་ཆེའི་མཛད་པ་གཙོས་པའི་དུས་ཆེན་དེ་དང་འབྲེལ་བའི་བཀའ་སློབ་གནང་བ་བརྙན་ལམ་བརྒྱུད་གཟིགས་འབུལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བླ་ཆེན་ཁག་གི་གསུང་འཕྲིན་སྙན་སྒྲོན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་། སྐུ་མགྲོན་གཙོ་བོ་མངའ་སྡེའི་ཚོགས་གཙོ་བཅས་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད་འདུག་ལ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲྭ་བའི་པར།

དེ་བཞིན་མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་ནས་༸རྒྱལ་བའི་རྒྱལ་ཚབ་གཽ་ཤྲི་ཆེན་པོ་ན་རིམ་དང་འབྲེལ་བའི་གསུང་བཤད་བཅས་གནང་བ་དང་། གཞན་ཡང་༸སྐྱབས་རྗེ་གར་དབང་རིན་པོོ་ཆེ་མཆོག་གིས་༸རྒྱལ་ཚབ་ན་རིམ་གྱི་བཀའ་འབུམ་པོད་ ༥ དབུ་འབྱེད་དང་། སྐུ་མགྲོན་གཙོ་བོ་ནས་༸རྒྱལ་ཚབ་རིན་པོ་ཆེའི་བརྙན་པར་དེབ་གཅིག་དབུ་འབྱེད། ༸སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་མཆོག་གིས་༸རྒྱལ་ཚབ་ ༤ པའི་གསུང་མར་པའི་རྣམ་ཐར་དབུ་འབྱེད། དཔལ་ལྡན་ཚོགས་གཙོས་༸རྒྱལ་ཚབ་རིན་པོ་ཆེའི་གསུང་ཆོས་ཕབ་ཤུས་དེབ་ ༤ དབུ་འབྱེད། དཔལ་ལྡན་སྲིད་སྐྱོང་ནས་གཽ་ཤྲིའི་རྣམ་ཐར་པོད་དེབ་གཅིག་དབུ་འབྱེད། མངའ་སྡེའི་ཚོགས་གཙོས་༸རྒྱལ་ཚབ་རྣམ་ཐར་དབྱིན་དེབ་གཅིག་དབུ་འབྱེད་བཅས་གནང་འདུག་པ་དང་། ༸རྒྱལ་ཚབ་སྐུ་ཕྲེང་བཅུ་གཉིས་པ་མཆོག་ནས་སྐུ་མགྲོན་གཙོ་བོ་དང་། ཕྱག་མཛོད་ཞིང་གཤེགས་ཀྱི་ཚ་མོ་རྣམ་པ་གཉིས་ལ་གཟེངས་རྟགས་ཕུལ་བ་དང་། གདན་སའི་མཁན་པོ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་ཡོད་འདུག 

མཚུར་ཕུའི་རྒྱལ་ཚབ་སྐུ་ཕྲེང་དང་པོ་དྲུང་གཽ་ཤྲཱི་དཔལ་འབྱོར་དོན་གྲུབ་ནི། ཕྱི་ལོ་ ༡༤༢༠ ལོར་བར་ཁམས་ལྷ་རི་རྫོངས་སྙེ་བོ་ཡག་སྟེང་དུ་སྐུ་འཁྲུངས། རྒྱལ་མཆོག་ཀརྨ་པ་དྲུག་པ་མཐོང་བ་དོན་ལྡན་གྱིས་རྗེས་སུ་བཟུང་། སྐུ་སྐྱེ་ཕྱི་མའི་འདྲེན་པར་དགོངས་ནས་བཀའ་བསྟན་གྱི་ལུང་སོགས་བོད་ན་བཞུགས་པའི་ཆོས་ཡོད་དོ་ཅོག་གསན་དུ་གཅུག དགུང་ལོ་བཅུ་བཞིར་བྱིན་རླབས་ཀྱི་བཀའ་བབས་ཏེ། སྒར་ཆེན་འཛམ་གླིང་རྒྱན་གྱི་གུ་ཡི་གུང་པར་མངའ་གསོལ་ཞིང་ལུགས་གཉིས་ཀྱི་བསྟན་པའི་བདག་པོར་བསྐོས། རྒྱལ་མཆོག་དྲུག་པ་ཞི་བར་གཤེགས་ཁར་ཞལ་ཆེམས་བཀའ་རྒྱ་བཅུ་གསུམ་དང་བཅས་པ་སྩལ། རྒྱལ་ཚབ་ཏུ་བཞུགས་ནས་སྒར་གྱི་འཛིན་སྐྱོང་དང་། རྒྱལ་མཆོག་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོ་མཆོག་སྒར་ཆེན་འཛམ་གླིང་རྒྱན་གྱི་སེང་ཁྲིར་སྤྱན་དྲངས། རྗེ་ཀརྨ་ཕྲིན་ལས་པ་ཆེན་པོས། རྒྱལ་བའི་དབང་པོས་དགུང་ལོ་སུམ་ཅུ་སོ་གཅིག་མ་བཞེས་ཀྱི་བར་དུ་སྐུ་ལུས་དང་གྲིབ་མ་བཞིན་འགྲོགས་ནས། དུས་ཀྱི་འཁོར་མོ་ཡུག་ཏུ་གསུང་ཆོས་འབུལ་བར་མཛད་པས། དཔོན་སློབ་ཞལ་རྣམ་པ་གཉིས་པོ་འདི་བས་གསན་རྒྱ་ཆེ་བ་ནི། དེའི་དུས་སུ་བོད་ན་ལྟ་ཅི། འཛམ་བུའི་གླིང་ནའང་དཀོན་ནམ་བསམ་མོ། ཞེས་གསུངས།

རྒྱལ་མཆོག་བདུན་པའི་བཀའ་ལྟར། རྗེ་ཞྭ་དམར་མཆོག་སྤྲུལ་བཞི་པ་སྒར་དུ་གདན་དྲངས་ཏེ། གསུང་ཆོས་ཀྱང་དུ་མ་གནང་། ཕྱི་ལོ་ ༡༤༧༦ མེ་སྤྲེལ་ལོར་ཏཱ་མིང་གོང་མ་ཅིང་ཐུང་ངམ་ཀྲེང་ཐུང་གིས། གུ་ཡི་གུང་པ་བྱང་སེམས་དཔལ་འབྱོར་དོན་གྲུབ་ལ་ཀྭན་ཏིང་ཏཱ་ཡི་གཽ་ཤྲཱིའི་ལས་ཀ་འཇའ་ས་གསེར་གྱི་ཐམ་ཁ་ལྷ་ཉག་དྲུག་ཡོད་པ་གཅིག་དང་། ལས་ཞྭ་མཐོན་མཐིང་རྣམས་ཕུལ། མདོར་ན་རྒྱལ་དབང་ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེས། རྒྱལ་བ་ཐམས་ཅད་མཁྱེན་པ་སྙེ་བོ་བ་ཆེན་པོ་འཇམ་པའི་དབྱངས་རྒྱལ་པོའི་ལུང་གིས་མཚན་གསོལ་བ། ཏའི་དབེན་གྭོ་ཤྲི་གུའི་གུང་པའམ་མཚན་གཞན་ཤཱཀྱའི་དགེ་སློང་དཔལ་འབྱོར་དོན་གྲུབ་ཅེས་དང་། དགུང་ལོ་བརྒྱད་པ་ཞིག་ནས་རྗེ་མཐོང་བ་དོན་ལྡན་གྱི་དྲུང་དུ་རྙེད་པ་དང་བཀུར་སྟི་དང་རིམ་གྲོ་དང་སྒྲུབ་པའི་སྒོ་ནས། དགེ་བའི་བཤེས་གཉེན་བསྟེན་ཚུལ་ནི་བརླ་རྐང་མ་བཅག་པ་ཙམ་མ་གཏོགས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྣམ་ཐར་ལྟར་བསྟེན་ནས། གསང་བ་ཐམས་ཅད་ཀྱི་སྣོད་དུ་གྱུར་ཏེ། སྔགས་ཀྱི་ལམ་ནས་མིག་འཕྲུལ་ལྟར་ཚེ་གཅིག་ལུས་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་དུ་གྱུར། རྗེ་བཙུན་དེ་ཉིད་ལ་རྗེ་ཆོས་གྲགས་རྒྱ་མཚོས་གཏུགས། ཞེས་སོ། དགུང་ལོ་དྲུག་ཅུ་རེ་གསུམ། ཕྱི་ལོ་ ༡༤༨༢ ལོར་ཞི་བར་གཤེགས། གསུང་འབུམ་གཽ་ཤྲིའི་ཆོས་དྲུག་ཆེན་མོ་སོགས་པོད་བཅོ་བརྒྱད་ལས་བདུན་ཡངས་ཅན་དགོན་དུ་པར་ཤིང་ཡོད་པར་གྲགས་སོ་ཞེས་སྨོན་ལམ་ཚིག་མཛོད་ཆེན་མོར་འཁོད་འདུག 

གསར་འགོད་པ། བསྟན་འཛིན་ལམ་བཟང་།