༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་རྩོམ་རིག་གཟེངས་རྟགས་ཕུལ།

བོད་མིའི་སྒྲིག་འཛུགས་ཀྱི་པར།

ཕྱི་ཟླ་༨ ཚེས་ ༢༤ ཉིན་ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་བཙུགས་ནས་ལོ་ངོ་ ༢༥ འཁོར་བའི་དུས་དྲན་དང་བསྟུན། བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་རྩོམ་རིག་གཟེངས་རྟགས་དང་། བཀའ་དྲིན་རྗེས་དྲན་གྱི་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་དུ་གོ་སྒྲིག་ཞུས་འདུག

ཚོགས་འདུ་དེའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་དང་། བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ། དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་གཙོས་པའི་བོད་མི་མང་སྤྱི་འཐུས་ཁག་གཅིག བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་སོགས་མཉམ་ཞུགས་གནང་ཡོད་འདུག

སྐབས་དེར་ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྱི་ཟུར་འབུམ་རམས་པ་བསོད་ནམས་རྒྱལ་མཚན་ནས། པེན་རྩོམ་པ་པོའི་མཐུན་ཚོགས་དབུ་བརྙེས་པའི་དགོས་དམིགས་དང་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་བོད་མི་རིགས་ལ་སྨན་པའི་ཕྱག་དཔེ་ ༡༥༠ ཙམ་ལྗགས་རྩོམ་གནང་བའི་སྐོར་སོགས་ཕེབས་བསུའི་གསུང་བཤད་གནང་ཞིང་། དེའི་རྗེས་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་པ་ཀླུ་མཚོ་སྐྱིད་ནས་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ངོ་སྤྲོད་གནང་གྲུབ་རྗེས། སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་རྒྱལ་སྤྱིའི་པེན་རྩོམ་པ་པོ་མཐུན་ཚོགས་དང་། ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས་བཀའ་དྲིན་རྗེས་དྲན་གྱི་རྩོམ་རིག་གཟེངས་རྟགས་ཕུལ་འདུག 

སྐབས་དེར་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་མང་སྤྱི་འཐུས་ཚོགས་གཞོན་ནས། ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་བཙུགས་ནས་རྒྱུན་ལས་རིམ་བྱོན་བརྒྱུད་ལོ་ངོ་ ༢༥ འཁོར་བའི་དུས་དྲན་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། སྒེར་ངོས་ནས་འཚམས་འདྲི་ཞུས་པ་དང་། བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་རྩོམ་སྒྲིག་གཟེངས་རྟགས་ཕུལ་བར་བསྔགས་བརྗོད་དང་སྦྲགས། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེས་བཙན་བྱོལ་ནང་དུ་རིག་གནས་གཅེས་ཉར་སོགས་སྐུ་ལས་བསྐྱོན་པའི་སྐོར་དང་། བོད་ཀྱི་རིག་གནས་ཐོག་ལ་ཐུགས་ཁུར་ཆེ་བཞེས་གནང་བའི་ཆ་ནས། གཟེངས་རྟགས་དེ་ལྟ་བུ་ཞིག་ཕུལ་བ་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། སྒེར་ངོས་ནས་ལེགས་སོའི་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན་པ། དེ་བཞིན་བྱིས་པའི་དུས་ནས་དཔེ་དེབ་ཀློག་རྒྱུའི་གོམས་འདྲིས་སྤྲོད་དགོས་པ་དེ་ཕ་མ་དང་དགེ་རྒན་རྣམས་ནས་ངེས་པར་དུ་དགོངས་པ་བཞེས་དགོས་པ་ཞིག་ཆགས་པའི་སྐོར་དང་། ན་གཞོན་ཚོའི་ནང་ལོགས་ལ་རྩོམ་རིག་དང་འབྲེལ་བའི་བགྲོ་གླེང་སོགས་བྱ་རྒྱུའི་མཐུན་རྐྱེན་བསྐྲུན་ཐུབ་ན་ཡག་པོ་ཡོད་པ་སོགས་ཀྱི་གསུང་བཤད་གནང་།

བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་པར།

དེ་བཞིན་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ནས་ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་འདས་པའི་ལོ་ཉེར་ལྔའི་ནང་རྒྱལ་སྤྱིའི་སྟེང་བོད་ཀྱི་རིག་གཞུང་དང་། སྐད་ཡིག་སོགས་ཀྱི་སྐོར་ལ་ངོ་སྤྲོད་གནང་བ་དང་། དུས་ཚོད་གཉན་འཕྲང་ཅན་དེ་འདྲའི་སྐབས་སུ་ཤེས་ཡོན་གྱི་སྒྲིག་འཛུགས་སོགས་བཙུགས་ཏེ་ཚོགས་པ་ཁག་གཞན་དང་འབྲེལ་བ་བཙུགས་ཏེ། ད་ལྟ་བར་དུ་རྒྱུན་གནས་ཐུབ་པར་ཚོགས་མི་ཡོངས་ལ་བསྔགས་བརྗོད་ཞུས་པ་དང་འབྲེལ། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་ཐུབ་པ་དང་། ཐོག་མར་དེ་འདྲའི་ཀུན་སློང་འཁུར་བར་ཡག་པོ་ཡིན་པ། སྤྱི་ཚོགས་ནང་ཕྱག་ལས་གནང་མཁན་ཚོར་ངོས་འཛིན་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་སྐོར།  ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་རིན་པོ་ཆེ་མཆོག་གིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ལོ་རྒྱུས་སོགས་ཀྱི་ཐོག་ལ་ཕྱག་རྗེས་ཆེན་པོ་བཞག་ཐུབ་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་སོགས་ཀྱི་གསུང་བཤད་གནང་།  གཞན་ཡང་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་ནས། ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་འཛུགས་པའི་དགོས་དམིགས། དེ་བཞིན་ཁོང་གིས་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་སྐུ་ཚེ་ཧྲིལ་པོ་གཅིག་རིང་བོད་སྤྱི་ལ་སྨན་པའི་ཕྱག་དེབ་ ༡༥༠ ཙམ་ལྗགས་རྩོམ་གནང་ཞིང་། གཞན་ཡང་ཆབ་སྲིད་དང་། ལྷག་པར་བོད་ནང་གི་གནས་སྟངས་སྐོར་ཐུགས་ཁུར་ཆེ་བཞེས་ཀྱིས་ལམ་སྟོན་གནང་བའི་སྐོར་དང་། ད་བར་ཁོང་གིས་སྤྱི་པའི་དོན་དུ་སྐུ་ལས་བསྐྱོན་པར་ཐུགས་རྗེ་ཆེ་ཞུས་ཤིང་། བོད་ནང་གི་བོད་མིའི་གནས་སྟངས་སྐོར་དང་། རྒྱ་ནག་གིས་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱས་ཏེ་སློབ་གྲྭ་ཁག་མང་པོ་སྒོ་བརྒྱབ་པ། བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་རྒྱུའི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པ་དང་། བོད་ནང་དུ་རང་གི་སྐད་ཡིག་བཀོལ་སྤྱོད་བྱེད་འཇུག་གི་མེད་པར་བརྟེན། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་འགན་འཁུར་བའི་ཐོག་ནས་རང་གི་སྐད་ཡིག་དང་རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་བྱ་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུང་བཤད་གནང་།

མཇུག་ཏུ་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་ནས་ཁོང་གི་རྩོམ་ཡིག་ཁག་དགོན་པ་དང་། བོད་མིའི་འགན་ཁུར། དམངས་གཙོའི་སྐོར་སོགས་གང་དང་འབྲེལ་བ་ཆགས་མིན་དང་།
ཁོང་གི་རྩོམ་ཡིག་དེ་དག་བོད་ནང་ལ་པར་སྐྲུན་བྱེད་མི་ཆོག་པའི་བཙན་བཀའ་བཏང་བ། པར་སྐྲུན་ཁང་དུ་སྤྲད་པ་དག་ལ་གཞུང་བཞེས་བཏང་བ་སོགས་དཀའ་ངལ་མང་པོ་ཞིག་འཕྲད་པའི་སྐོར། གཞན་ཡང་ཁོང་དང་འབྲེལ་ཡོད་སློབ་གྲྭ་ཁག་ཡང་ནས་ཡང་དུ་སྒོ་བརྒྱབ་པ་དང་། གྲྭ་པ་མང་པོ་ཞིག་སྡོད་ས་བརྟེན་ས་མེད་པར་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་སོགས་དང་། ད་ལྟ་བར་དུ་རྩོམ་ཡིག་མང་པོ་བྲིས་པ་དེ་དག་གིས་བོད་ཕྱི་ནང་གཉིས་ཀར་ཕན་ཐོགས་བྱུང་བར་བརྟེན་ཐུགས་དགྱེས་པའི་སྐོར།  བོད་ནང་དུ་རྩོམ་ཡིག་འབྲི་བ་དང་། རང་སྲོག་བློས་བཏང་བ། ཆབ་སྲིད་ཀྱི་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་པ་དེ་དག་ལ་གདུང་སེམས་མཉམ་སྐྱེད་ཞུས་པ་དང་ཁོང་རྣམས་མྱུར་དུ་གློད་བཀྲོལ་དང་རྩོམ་གྱི་རང་དབང་གང་མགྱོགས་འཐོབ་རྒྱུའི་སྨོན་ལམ་ཡོད་པར་གསུངས་པ་དང་། བོད་ཆོལ་ཁ་གསུམ་གྱི་རྩོམ་པ་པོ་རྣམས་ཀྱིས་འཆམ་མཐུན་དང་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་རྩོམ་རིག་གི་ལམ་ནས་ནུས་པ་འདོན་དགོས་པ་སོགས་གསུངས། ཉིན་རྒྱབ་ཏུ་མཁས་པ་རྣམས་ཀྱིས་བགྲོ་གླེང་གསུང་བཤད་གནང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ལམ་བཟང་།