ཀ་དག་སྤྲུལ་སྐུའི་མག་པ་བསོད་ནམ་རྒྱ་མཚོ་ལ་གསལ་འདེབས།

༄༅། །ཀ་དག་སྤྲུལ་སྐུའི་མག་པ་བསོད་ནམ་རྒྱ་མཚོ་ལ་གསལ་འདེབས།
མགོན་པོ་ཚེ་བརྟན།
​དེ་རིང་(༢༠༢༠།༡༢།༣༠)བོད་ཀྱི་བང་ཆེན་དྲ་བའི་ཐོག་ཀ་དག་སྤྲུལ་སྐུའི་མག་པ་བསོད་ནམས་རྒྱ་མཚོ་ཟེར་བ་ཞིག་གིས་གསར་འགོད་པ་བསྐོངས་ནས་གསལ་བསྒྲགས་ཤིག་བྱས་ཡོད་པ་དང་། ཁོ་རང་གིས་ཨིན་བོད་སྐད་ཡིག་གཉིས་ཐོག་ནས་བྲིས་པའི་ཡིག་ཆ་ཞིག་མཉམ་སྦྱར་བྱས་འདུག་པའི་མཐའ་བསྡོམས་སུ། སྤེན་ཚེ་སྲིད་སྐྱོང་ལ་རྩ་བ་འོས་པ་ཞིག་མིན་དངོས་འབྲེལ་བྱས་ན་ཀ་དག་རིན་པོ་ཆེའི་ནང་མིར་དགོངས་དག་ཞུས་ཆེད་འོས་མི་ནས་ཕྱིར་འཐེན་དགོས་སྙམ་ཞེས་བཀོད་འདུག
​ཁོ་རང་གིས་བཀྲམ་པའི་ཡི་གེ་དེར་བལྟས་ན། ཁོའི་དམིགས་ཡུལ་དག་འབུད་རིང་མོ་ཞིག་བྱས་པའི་དོན་རྩ་ནི་ཚོགས་ཟུར་སྤེན་པ་ཚེ་རིང་མཆོག་སྲིད་སྐྱོང་འོས་མིར་བཞེངས་པ་དེའི་ཐོག་མངོན་གསལ་དོད་པོས་ཐེ་བྱུས་བྱེད་ཀྱི་ཡོད་པ་དེ། མགོ་ནས་སྒེར་གྱི་དགའ་མི་དགའ་མིན་ལུགས་དང་། ཐེངས་འདིའི་སྔོན་འགྲོའི་འོས་བསྡུའི་ནང་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱེད་མཁན་ཆོལ་ཁ་ཆོས་བརྒྱུད་དབྱེར་མེད་རྣམས་ནག་ཁུང་ཡིན་ལུགས་དང་། ཚོགས་ཟུར་མཆོག་ལ་རྒྱབ་སྐྱོར་བྱེད་མཁན་རིགས་གསུམ་ཡོད་ཚུལ་བྲིས་པ་དེ་དག་ལས་ཕར་མ་དྲིས་ནའང་ཚོར་ཐུབ།
​དེ་ཡང་ཚོགས་ཟུར་མཆོག་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ནག་ཁུང་ཇི་ལྟར་ཆགས་པའི་སྐོར་ཤོད་སྐབས། ལོ་ངོ་ ༢༧ ལྷག་གི་གོང་དུ་བཟའ་ཚང་ནང་ཁུལ་མ་འཆམ་པའི་དོན་རྐྱེན་ཞིག་དྲངས་འདུག་པ་དང་། ཐེངས་འདིར་གསལ་བསྒྲགས་ཀྱི་བརྗོད་བྱ་གཙོ་བོའང་དེ་རེད་འདུག
​བསོད་ནམས་རྒྱ་མཚོ་ལགས་ཀྱིས་ལོ་ངོ་ ༣༠ གོང་གི་ཁྱིམ་ཚང་གཅིག་གི་གནད་དོན་ཁྱེར་ནས་ཕྱི་ལོ་ ༢༠༢༡ ལོའི་འོས་བསྡུ་ཆེན་མོའི་ལས་རིམ་ལ་ཐེ་གཏོགས་བྱེད་སྟངས་དང་། དེ་ཡང་འོས་བསྡུའི་དུས་བཅད་ཉིན་བཞིའི་གོང་དུ་བཏོན་སྟངས་ལ་བལྟས་ན། མང་ཚོགས་ནང་དྲི་བ་ཁ་ཤས་ཤིག་རང་བཞིན་གྱིས་ཡོང་གི་རེད་སྙམ།
​གལ་སྲིད་སྤེན་པ་ཚེ་རིང་ལགས་སྤྱི་པའི་ལས་འགན་ཁྱེར་བའི་ཆ་རྐྱེན་ཚང་གི་མེད་པ་བདེན་ཚེ།  ༡༩༩༧ ལོར་ཁྱིམ་ཚང་དེར་རྩོད་རྙོག་བྱུང་བ་ནས་ད་བར་སྤེན་པ་ཚེ་རིང་ལགས་སྤྱི་འཐུས་སྐབས་སྔ་རྗེས་དང་། སྤྱི་འཐུས་ཚོགས་གཙོ་སྔ་རྗེས་ཀྱི་འོས་གཞིའི་ནང་ཞུགས་སྐབས་དང་། ༢༠༡༦ ལོར་སྲིད་སྐྱོང་གི་འོས་གཞིར་ཞུགས་སྐབས་རྩོད་རྙོག་འདི་རིགས་ག་རེ་བྱས་ནས་མ་བསླངས་པ་རེད་དམ། ལོ་ངོ་འདི་ཙམ་གྱི་རྗེས་སུ་སློང་དགོས་དོན་ག་རེ་ཡིན་ནམ།
​དོན་ངོ་མའི་ཐོག་ནས་བསོད་ནམས་རྒྱ་མཚོ་ལགས་ཀྱིས་གསུངས་པ་མཐའ་དག་ཁྱིམཚང་གཅིག་ནང་ཁུལ་གྱི་རྩོད་རྙོག་ཡིན་པ་དང་། ལོ་དུས་དེ་དང་སྐབས་དེ་དུས་སུ་་ཁྱིམ་ཚང་དེར་ཕམ་གྱོང་གང་སྤྲད་གང་ཡོད་ན། ཁྲིམས་ཡིག་གི་ཆ་རྐྱེན་ལྟར་ཁ་མཆུ་ཞུ་གཏུག་གི་ཁྲིམས་ཀྱི་ཐོབ་ཐང་ཡོད་པའི་རྗེས་ཤུལ་ཚོས་རྩོད་དགོས་པ་ལས། གཞན་སུ་ལའང་དེའི་ཐད་རྩོད་དབང་མེད། ཡིན་ནའང་། རྩོད་རྙོག་གི་དུས་ཚོད་ཚད་བཀག་གི་རྗེས་སུ་མག་པར་སླེབས་པ་ཞིག་གིས་སོ་སོ་སྒེར་གྱིདམིགས་ཡུལ་བྱེ་བྲག་པ་ཞིག་སྒྲུབ་ཆེད། འོས་བསྡུའི་དུས་ཚེས་ཉེ་བར་གཏུགས་པའི་སྐབས་སུ། གནས་ཡུལ་རྒྱལ་ཁབ་རྒྱ་གར་དང་། བཙན་བྱོལ་བོད་མིའི་ཁྲིམ་ཡིག་གི་གྱོད་དོན་གཏུག་བཤེར་གྱི་དུས་ཚོད་ཚད་བཀག་གང་ལའང་མི་མཐུན་པའི་སྒོ་ནས། འོས་མི་བྱེ་བྲག་པ་ཞིག་རྒྱལ་ཕམ་ལ་དམིགས་ཏེ་སྒེར་ནད་སྤྱི་སྤུངས་ག་རེ་བྱས་ནས་བྱེད་ཀྱི་ཡོད་དམ།
​གལ་སྲིད་ཁྱིམ་ཚང་གི་རྙོག་དྲ་ཞིག་སེལ་དགོས་ཚེ། ས་གནས་ཀྱི་ལམ་སྲོལ་དང་། འགྲོ་ལུགས་གཞིར་བཟུང་སེལ་ཐུབ་རྒྱུའི་ཐབས་ལམ་བསྟེན་པའམ། དེས་མ་བྱུང་ན་ཁྲིམས་ཁང་དུ་ཞུ་གཏུག་བྱས་ཏེ་ཁྲིམས་ཐོག་ནས་རྩོད་པ་ཞི་ཐབས་བྱེད་དགོས་པ་ལས། ལོ་ངོ་ ༣༠ སོ་གྲངས་ཀྱི་རྗེས་སུ་འོས་བསྡུའི་ལས་རིམ་ནང་རྙོག་སློང་བྱས་ན་རྩོད་གཞི་འབྱུང་ཡུལ་ཁྱིམ་ཚང་དེར་ཁེ་བཟང་ག་རེ་རག་གི་རེད་དམ།
​བསོད་ནམས་རྒྱ་མཚོ་ལགས། ཁྱེད་རང་གིས་ད་དུང་། དབུས་འཛིན་སྐྱོང་གཞུང་གིས་གངས་སེང་ཟ་ཁང་ཞེས་པ་དེའི་འགན་འཛིན་དུ་བསྐོ་གཞག་གནང་བྱུང་ཞེས་དང་། ལོ་ཁམས་ནོར་ལུགས་དགག་པ་བྱས་འདུག་ཀྱང་། ཚོགས་ཟུར་སྤེན་པ་ཚེ་རིང་གིས་ ༢༠༡༦ ལོར་འགྲེམས་སྤེལ་བྱས་པའི་ལོ་རྒྱུས་ཡིག་ཆ་དང་། འདི་ལོར་སྤེན་པ་ཚེ་རིང་གི་གྲོགགས་འཁོར་གྱི་ངོ་དེབ་ཐོག་བཀྲམ་པའི་ཡིག་ཆ་གང་དུའང་ཁྱེད་རང་གིས་དྲངས་པའི་སྐད་ཆ་དེ་ཚོ་རྩ་བ་ནས་མེད་པ་དང་། ཡིག་ཆ་ཚང་མའི་ནང་སྐུ་ངོ་མཆོག་མཐོ་སློབ་ཐོན་པའི་ལོ་དུས་ ༡༩༨༩ ལོ་ཡིན་པ་གསལ་ཡོད་པས། ཁྱེད་རང་གིས་སྐྱོན་འདོན་བྱས་པའི་གནད་དོན་དང་ལོ་ཚིགས་བཅས་པ་ཁྱེད་རང་གིས་རྫུན་བཟོ་བྱས་པའམ། ཡང་ན་རྫུན་བཟོ་བྱེད་མཁན་ཞིག་གིས་ཁྱེད་རང་ལ་མགོ་སྐོར་བཏང་བ་ལས། སྤེན་པ་ཚེ་རིང་མཆོག་གི་ལོ་རྒྱུས་ཡིག་ཆ་གང་དུའང་སྐད་ཆ་དེ་རིགས་བྱུང་མེད།
​མཇུག་ཏུ། བསོད་ནམས་རྒྱ་མཚོ་ཁྱེད་རང་ཨ་མདོ་བ་ཡིན་ལུགས་ཕ་མའི་མིང་དང་ཕ་ཡུལ་བཅས་པ་འདྲེན་འགོད་བྱས་པས་མ་ཚད། གསར་འགོད་པ་སྐད་བཏང་སྟེ་སྤྱི་ཚོགས་ནང་རྙོག་དྲ་དེ་ལྟར་བསླངས་པ་ནི་དམིགས་ཡུལ་གཞན་འཆང་མཁན་གྱི་སྟོབས་ཤུགས་གཞན་པའི་བསླུ་བྲིད་འོག་ཤོར་ཡོད་པའི་ཚོད་དཔག་མི་བྱེད་རང་བྱེད་རེད།

​སྤེན་པ་ཚེ་རིང་ལ་ཉེས་འཛུགས་བྱེད་མཁན་རབ་དང་རིམ་པར་བྱུང་ཡོད་པ་དང་། ཐ་ན་མི་གསོད་ལག་དམར་ཡིན་པའི་ཉེས་འཛུགས་བྱེད་མཁན་ཡང་བྱུང་ཡོད། ཡིན་ནའང་། ཉི་ཤར་སྤར་མོས་འགེབས་མི་ཐུབ་པའི་དཔེ་ལྟར། ཐ་ན་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྤྱི་ཁྱབ་བཀའ་ཤག་ནས་མ་ཉེས་ཁག་གཡོགས་ཀྱི་དོན་ཚན་བཅུ་བཏོན་པ་རྣམས་ཀྱང་ཁྲིམས་ས་ནས་བརྒྱ་ཆ་བརྒྱ་ཐམ་པ་དཀར་པོ་དཀར་རྐྱང་བཟོ་ཐུབ་པ་བྱུང་ཡོད་པས། ཁྱེད་རང་གི་བྱེད་སྟངས་འདི་རིགས་ཀྱིས་རྒྱ་ཆེའི་མང་ཚོགས་ལ་མགོ་སྐོར་གཏོང་ཐུབ་ཀྱི་རེད་བསམ་པ་ནམ་ཡང་དྲན་གྱི་མི་འདུག །

མཚན་འཁོད་རྩོམ་ཡིག་ཁག་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་དང༌། རྩོམ་སྒྲིག་པའི་ལྟ་བ་ཡིན་པའི་ཁྱབ་པ་མེད།