ཀངྒ་ར་རྫོང་དཔོན་གཞོན་པ་ཟུར་པ་དང་ཀངྒ་ར་རྫོང་གི་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་རྣམ་གཉིས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར་ཕེབས་འདུག

དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་གིས་གདན་ཞུས་ལྟར། ཕྱི་ལོ་ ༢༠༢༣ ཟླ་༢ ཚེས་༤ ཉིན་ཀངྒ་ར་རྫོང་དཔོན་གཞོན་པ་ཟུར་པ་ལྕམ་སྐུ་གྷན་དྷར་ཝ་ར་ཐོར་ (Smt. Gandharva Rathore, IAS, former ADC, Dharamshala) དང་། ཀངྒ་ར་རྫོང་གི་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་སྐུ་ཞབས་ཨ་ནུ་རག་ཅན་དྷར་ (Shri. Anurag Chandar, IAS, MC Commissioner) རྣམ་གཉིས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར་ཕེབས་གནང་འདུག

སྐབས་དེར་དཔལ་ལྡན་ཚོགས་གཞོན་གྱིས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐོར་ངོ་སྤྲོད་གནང་རྗེས། བོད་ཀྱི་དཔེ་མཛོད་ཁང་དང་། བོད་ཀྱི་འགྲེམ་སྟོན་ཁང་། བཀའ་ཤག་བཅས་ལ་གཟིགས་སྐོར་སྣེ་ཁྲིད་གནང་ཡོད་འདུག

བཀའ་ཤག་ཏུ་དཔལ་ལྡན་སྲིད་ཚབ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་དང་། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་གཉིས་ཀྱིས་སྐུ་མགྲོན་རྣམ་པར་སྣེ་ལེན་མཇལ་འཕྲད་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་ངོ་སྤྲོད་གནང་ཡོད་འདུག

གཞན་ཡང་འཛམ་གླིང་འབྲས་ནད་ཉིན་མོ་དང་སྟབས་བསྟུན། བོད་ཀྱི་འབྲས་ནད་ཚོགས་པས་རྡ་ས་གངས་སྐྱིད་དུ་བོད་མིའི་སྤྱི་ཚོགས་ནང་འབྲས་ནད་ཀྱི་སྐོར་གོ་རྟོགས་སྤེལ་ཆེད་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་བའི་ཐོག་དཔལ་ལྡན་ཚོགས་གཞོན་དང་། སྐུ་མགྲོན་རྣམ་པ་མཉམ་ཞུགས་གནང་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།