ཀན་སུའུ་དང་མཚོ་སྔོན་མཚོ་ཤར་ཕྱོགས་སུ་ས་ཡོམ་གྱི་གོད་ཆག་ཆེན་པོ་བྱུང་འདུག
ཟླ་འདིའི་ཚེས་༢༠ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་ཀན་སུའུ་ཞིང་ཆེན་ནང་ས་འགུལ་རིམ་པ་༦.༢ ཅན་ཞིག་བྱུང་ནས་ད་བར་མི་གྲངས་༡༢༧ ལྷག་གི་ཚེ་སྲོག་ཤོར་ཞིང་། མི་གྲངས་༧༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་སྤེལ་འདུག

ཟླ་འདིའི་ཚེས་༡༨ ཉིན་གྱི་མཚན་མོའི་ཚུ་ཚོད་༢༣ དང་སྐར་མ་༥༩ སྟེང་། ཀན་སུའུ་ཞིང་ཆེན་ལིང་ཞ་ཁུལ་ཅི་ཧྲི་ཧྲན་(Jishishan) ་རྫོང་ལ་ས་འགུལ་རིམ་ཚད་༦.༢ ཅན་ཞིག་བྱུང་ཡོད་པ་དང་། ས་ཡོམ་གྱི་གནོད་སྐྱོན་ཤུགས་རྐྱེན་དེ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་དང་དཔའ་ལུང་རྫོང་། ཞོན་ཧྭ་རྫོང་བཅས་ཀྱི་ཤང་གྲོང་༤༩ ཡི་སྲིད་འཛིན་སྡེ་བ་༤༡༩ ལ་ཐེབས་ཡོད་འདུག
རྒྱ་གར་གྱི་དུས་བབ་གསར་ཁང་གིས་བརྗོད་གསལ་ལྟར་ན། ས་ཡོམ་གྱི་གོད་ཆགས་འོག་ད་བར་མི་གྲངས་༡༢༧ གྱི་ཚེ་སྲོག་ཤོར་ཞིང་། མི་གྲངས་༧༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་དང། ས་དང་འདམ་ལས་བཟོས་པའི་ཁང་པ་གཙོས་པའི་ཁང་པ་ཁྱོན་བསྡོམས་༡༥༥༠༠༠ ལ་གཏོར་སྐྱོན་ཐེབས་ཡོད་འདུག
ཀན་སུའུ་ཞིང་ཆེང་ནི་རྒྱ་ནག་གི་ཞིང་ཆེན་སྐྱོ་ཤོས་དེ་ཆགས་ཀྱི་ཡོད་འདུག་ལ་ས་ཡོམ་གྱི་རྐྱེན་གྱིས་ཆུ་དང་གློག འགྲིམ་འགྲུལ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཁག་གཅིག་ལ་གཏོར་སྐྱོན་ཐེབས་ཡོད་པ་མ་ཟད། ཁང་པ་མང་པོ་ལོག་རྒྱུའི་ཉེན་ཁ་ཡང་ཡོད་འདུག
ཚེས ༡༩ ་ཉིན་གྱི་ཆུ་ཚོད ༡༦ ་དང་སྐར་མ ༥༠ ་བར་དུ། ས་ཡོམ་གྱིས་མཚོ་ཤར་གྲོང་ཁྱེར་ནང་མི་གྲངས་༡༤ ཤི་ཡོད་པ་དང་མི་གྲངས་༡༩༨ ལ་རྨས་སྐྱོན་ཐེབས་ཡོད་འདུག
ད་ལྟའི་ཆར་ཀན་སུའུ་ཞིང་ཆེན་གྱིས་ཉེན་སྐྱོབ་རུ་ཁག་སོགས་བཏང་ཡོད་ཀྱང་། ས་གནས་ཀྱི་གནམ་གཤིས་ཧ་ཅང་གྲང་བས་ཉེན་སྐྱོབ་རུ་ཁག་ལ་དཀའ་ངལ་འཕར་མ་ཞིག་འཕྲད་བཞིན་ཡོད་འདུག བརྒྱུད་ལམ་གཞན་གྱི་གནས་ཚུལ་ལྟར་ན། ད་ཐེངས་ས་ཡོམ་དེས་བོད་ནང་གི་མཚོ་སྔོན་དང་ཀན་སུའི་ཕྱོགས་ཀྱི་ས་ཁུལ་ཁག་ཅིག་ལ་འགུལ་ཚོར་ཆེན་པོ་བྱུང་སྟེ་ཁང་པར་གོད་ཆག་ཆེན་པོ་ཐེབས་ཡོད་འདུག་ཀྱང་། བོད་མི་རང་གི་ཚེ་སྲོག་ཤོར་བ་དང་ཚབས་ཆེན་རྨས་པ་སོགས་བྱུང་ཡོད་མེད་ཐོག་ཁ་གསལ་ཤེས་རྟོགས་མེད་པ་རེད་འདུག
ཉེ་བའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་རྒྱ་ནག་ནང་ས་ཡོམ་གྱི་གོད་ཆག་ཆེ་ཤོས་དེ་ཕྱི་ལོ་༢༠༠༨ ལ་བྱུང་ཡོད་འདུག སྐབས་དེར་ས་ཡོམ་གྱི་གོད་ཆག་ཁྲོད་མི་གྲངས་༧༠༠༠༠ ཙམ་རྐྱེན་ལམ་དུ་ཤོར་ཡོད་པའི་གནས་ཚུལ་ཐོན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།