ཀེམ་ཇུང་ཨིན་ལ་ཕྲུ་གུ་གསུམ་ཡོད་རབས་ཀྱི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༢༠ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བྱང་ཁོ་རི་ཡས་གླིང་ཕྲན་གཅིག་ནས་གཞན་ལ་སྙོམ་ཐུབ་པའི་མེ་ཤུགས་འཕུར་མདེལ་ཞིག་ཚོད་བལྟ་བྱས་ཡོད་པ་དང་། སྐབས་དེར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇུང་ཨིན་གྱིས་རང་ཉིད་ཀྱི་བུ་མོ་མཉམ་དུ་ཁྲིད་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡༨ ཉིན་བྱང་ཀོ་རི་ཡས་གླིང་ཕྲན་གཅིག་ནས་གཞན་ལ་སྙོམ་ཐུབ་པའི་མེ་ཤུགས་འཕུར་མདེལ་གྱི་མཚོན་ཆ་(ballistic missile) ཞིག་ཚོད་བལྟ་བྱས་ཡོད་པ་དང་། སྐབས་དེར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇུང་ཨིན་གྱིས་རང་ཉིད་ཀྱི་བུ་མོ་(Chu-ae) ཡང་མཉམ་དུ་ཁྲིད་ཡོད་འདུག

བྱང་ཀོ་རི་ཡ་ནི་གསང་རྒྱ་དང་དམ་དྲག་ཧ་ཅང་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པར་བརྟེན། ཀེམ་ཇུང་ཨིན་གྱི་ཐོག་ལ་ཆ་རྒྱུས་ཡོད་མཁན་ཧ་ཅང་ཉུང་ཉུང་ལས་མེད་པ་རེེད་འདུག

གནས་ཚུལ་དབྱེ་ཞིབ་པ་ཚོས་ཀེམ་ཇུང་ཨིན་ལ་བུ་མོ་གཉིས་དང་བུ་གཅིག་ཡོད་པ་དང་། པར་ནང་མཉམ་དུ་ཡོད་པའི་བུ་མོ་དེ་ད་ལྟ་ལོ་༡༣ ཙམ་ཟིན་ཡོད་པ་དང་། ཁོང་ལ་ཕྲུ་གུ་གསུམ་ཡོད་པ་ལས་ཆེ་ཤོས་དེ་ཡིན་པ་འགྲེལ་བརྗོད་བྱེད་བཞིན་འདུག

ཀེམ་ཇུང་ཨིན་གྱིས་སོ་སོའི་བུ་མོ་མཉམ་དུ་ཁྲིད་ཡོང་དགོས་ནི་མ་འོངས་བྱང་ཀོོ་རི་ཡའི་མི་རབས་བཞི་པའི་དབང་ཆ་རྒྱུན་འཛིན་བྱེད་མཁན་ནི་ངའི་ཤ་ཁྲག་ལས་མཆེད་མཁན་ཞིག་ཡིན་ཞེས་མཚོན་ཆེད་རེད་ཅེས་བརྗོད་བཞིན་འདུག

ལོ་འདིའི་ཟླ་བ་བརྒྱད་པའི་ནང་བྱང་ཀོ་རི་ཡའི་རྒྱལ་སྟོན་གྱི་ཉིན་མོ་ལ་བུ་མོ་དེ་བརྙན་འཕྲིན་ནང་ལ་མཐོང་རྒྱུ་ཡོད་ན་ཡང་། སྐབས་དེ་མི་མང་པོ་དོགས་པ་ཟ་བ་ལས་ཀེམ་ཇུང་ཨིན་གྱི་བུ་མོ་ཡིན་པ་ཤེས་རྟོགས་བྱུང་མེད་པ་རེད་འདུག

བུ་མོ་དེ་མ་འོངས་བྱང་ཀོ་རི་ཡའི་འགོ་ཁྲིད་བྱེད་སྲིད་པ་དང་། གལ་སྲིད་ད་ལྟ་ནས་མ་འོངས་པའི་འགོ་ཁྲིད་བྱེད་རྒྱུ་ལ་གྲ་སྒྲིག་བྱེད་བཞིན་ཡོད་ན། ཀེམ་ཇུང་ཨིན་ད་ལྟ་ལོ་༣༨ མ་གཏོགས་ཟིན་གྱི་མེད་པར་བརྟེན། གྲ་སྒྲིག་བྱེད་རྒྱུ་སྔ་དྲགས་པ་དང་། ཡང་ན་ཀེམ་ཇུང་ཨིན་ལ་འཕྲོད་བསྟེན་གྱི་དཀའ་ངལ་ཡོད་སྲིད་པ་དང་། གཞན་ཡང་། དེ་སྔ་ཀེམ་ཇུང་ཨིན་གྱིས་གནས་སྟངས་གང་འདྲ་བྱུང་ན་ཡང་། རྡུལ་ཕྲན་མཚོན་ཆའི་ལས་གཞི་མུ་མཐུད་རྒྱུན་སྐྱོང་བྱེད་རྒྱུ་ལས་མཚམས་འཇོག་བྱེད་རྒྱུ་མིན་རབས་བརྗོད་ཡོད་པས། མ་འོངས་པ་བུ་མོ་དེ་རྡུལ་ཕྲན་མཚོན་ཆའི་ལས་གཞི་ནང་འགན་ཁུར་མི་སྣ་གལ་ཆེན་ཞིག་ཆགས་སྲིད་པ་རེད་ཅེས་བརྗོད་བཞིན་འདུག

བྱང་ཀོ་རི་ཡས་རྒྱང་ཐག་ཧ་ཅང་རིང་པོར་(ཐ་ན་ཨ་རི་ལ་ཡང་སྙོམ་ཐུབ)འཕུར་རྒྱུག་ཐུབ་པའི་མེ་ཤུགས་འཕུར་མདེལ་གྱི་མཚོན་ཆ་ཞིག་ཚོད་བལྟ་བྱས་ཡོད་ན་ཡང་།  མི་མང་ཆེ་བས་ཁོང་གི་བུ་མོ་ལ་དོ་སྣང་དང་དོགས་སློང་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།