ཀེམ་ཇོང་ཨན་སྐམ་དུ་ཕྱིན་པར་མི་མང་གིས་སེམས་འཚབ་བྱེད་བཞིན་ཡོད་འདུག
བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གྱི་གཟུགས་པོ་ཏོག་ཙམ་སྐམ་དུ་ཕྱིན་ཡོད་འདུག་པ་དང་། གཞུང་འབྲེལ་བརྒྱུད་ལམ་གྱིས་གནད་དོན་དེ་དང་འབྲེལ་ནས་རྒྱུན་གཏན་མ་ཡིན་པ་ཞིག་ལ། མི་མང་གིས་གནད་དོན་དེར་སེམས་འཚབ་དང་སྐྱོ་སྣང་བྱེད་ཀྱི་ཡོད་པའི་བཅར་འདྲི་ཞིག་ཁྱབ་སྤེལ་བྱས་འདུག་པས། དེ་ལྟར་བྱེད་པའི་རྒྱུ་མཚན་ལ་བསམ་ཚུལ་མི་འདྲ་བ་ཐོན་བཞིན་འདུག
ཟླ་༦ པའི་ཚེས་༢༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་སྔོན་བྱང་ཀོ་རི་ཡའི་གཞུང་འབྲེལ་བརྒྱུད་ལམ་གྱིས། ཚོགས་འདུ་ཞིག་གི་ཐོག་ཏུ་བྱང་ཀོ་རི་ཡའི་འགོ་ཁྲིད་སླེབས་ཡོད་པ་དང་། སྐབས་དེར་ཁོང་གི་གཟུགས་པོ་ཏོག་ཙམ་སྐམ་དུ་ཕྱིན་ཡོད་པ་རྒྱང་སྲིང་བྱས་ཡོད་འདུག དེའི་རྗེས་སུ་ཉེ་ཆར་གཞུང་འབྲེལ་བརྒྱུད་ལམ་གྱིས་བརྙན་ཐུང་གཉིས་རྒྱང་སྲིང་བྱས་ཡོད་པའི་ནང་། ཐོག་མ་དེའི་ནང་ཀེམ་ཇོང་ཨན་རོལ་དབྱངས་འདུ་འཛོམས་ཞིག་ཏུ་སླེབས་ཡོད་པ་དང་། སྐབས་དེར་ཁོང་གི་གཟུགས་པོ་མངོན་གསལ་དོད་པོར་སྐམ་དུ་ཕྱིན་ཡོད་པ་མཐོང་ཐུབ་པ་ཞིག་དང་། བརྙན་ཐུང་རྗེས་མ་དེའི་ནང་བྱང་ཀོ་རི་ཡའི་རྒྱལ་སར་གནས་སྡོད་བྱེད་མཁན་ཡུལ་མི་ཞིག་གིས། ཀེམ་ཇོང་ཨན་སྐམ་དུ་ཕྱིན་ནས་ངོ་མདོག་སྐྱོ་བོ་ཡོད་པ་མཐོང་དུས་ཁོང་དང་མི་ཚང་མ་སེམས་སྐྱོ་བོ་བྱུང་ནས་མིག་ཆུ་ཤོར་ཡོད་སྐོར་བརྗོད་པའི་བཅར་འདྲི་ཞིག་རྒྱང་སྲིང་བྱས་འདུག
དེ་ཡང་ནམ་རྒྱུན་བྱང་ཀོ་རི་ཡའི་ནང་དུ་རྒྱལ་ཁབ་དེའི་འགོ་ཁྲིད་ཀྱི་འཕྲོད་བསྟེན་གནས་སྟངས་སྐོར་གསང་བ་ཆེན་པོ་བྱེད་ཀྱི་ཡོད་པས། གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ཁོང་དང་ཁོང་གི་ནང་མིའི་འཕྲོད་བསྟེན་སྐོར་གནས་ཚུལ་སྤེལ་བ་མཐོང་རྒྱུ་དཀོན་པོ་ཡིན་འདུག དེ་ཡང་ཕྱི་ལོ་༢༠༡༡ ལོར་སྐབས་དེའི་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨེལ་སྙིང་ཁྲག་དགག་ནས་གྲོངས་སྐབས། གཞུང་འབྲེལ་བརྒྱུད་ལམ་གྱིས་ཁོང་གི་གྲོངས་རྐྱེན་ནི་རྒྱལ་ཁབ་དང་མི་མང་གི་ཆེད་དུ་ལས་ཀ་བྱེད་རྒྱུ་མང་དྲགས་རྐྱེན་ཡིན་སྐོར་བརྗོད་ཡོད་འདུག ཐེ
ངས་འདིར་གཞུང་འབྲེལ་བརྒྱུད་ལམ་གྱིས་ཀེམ་ཇོང་ཨན་གྱི་གཟུགས་པོ་སྐམ་པོ་ཆགས་ཡོད་པའི་བརྙན་ཐུང་དང་། དེར་མི་མང་གི་སེམས་འཚབ་དང་སྐྱོ་སྣང་བྱེད་ཀྱི་ཡོད་པའི་གནས་ཚུལ་རྒྱུན་ལྡན་དང་མི་འདྲ་བ་ཞིག་སྤེལ་ཡོད་པས། དཔྱད་བརྗོད་པ་ཁག་ཅིག་གིས་དེ་ནི་གཞུང་གིས་ཆེད་དུ་མངགས་ནས། ཁོང་གི་བྱང་ཀོ་རི་ཡའི་མི་མང་གི་འཚོ་བ་ཡར་རྒྱས་གཏོང་ཆེད་དུ་ལས་ཀ་མང་པོ་བྱེད་ཀྱི་ཡོད་པས་གཟུགས་པོ་སྐམ་པོ་ཆགས་ཡོད་པ་དང་། དེར་སེམས་འཚབ་བྱེད་དགོས་པ་ཞིག་མེད་པའི་བརྡ་ལན་མང་ཚོགས་ལ་སྤྲོད་ཀྱི་ཡོད་སྐོར་བརྗོད་འདུག ཡང་དཔྱད་བརྗོད་པ་གཞན་གྱིས་བརྗོད་དོན་ལྟར་ན། རྒྱུན་ལྡན་ཡིན་ན་བྱང་ཀོ་རི་ཡའི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་གསར་འགྱུར་ལེ་ཚན་རྣམས་ཡང་ནས་བསྐྱར་དུ་སྟོན་གྱི་ཡོད་ཀྱང་། ལེ་ཚན་དེ་ཐེངས་གཅིག་ལས་བསྟན་མེད་པས། ཕལ་ཆེར་ལེ་ཚན་དེ་ནོར་འཁྲུལ་ཤོར་ནས་བསྟན་པ་ཞིག་ཡིན་སྲིད་སྐོར་བརྗོད་བཞིན་འདུག
དེ་ཡང་ད་ལྟའི་ཆར་ཀེམ་ཇོང་ཨན་གྱི་རྒྱུད་འཛིན་འགོ་ཁྲིད་སུ་ཡིན་པ་གསལ་པོ་ཆགས་མེད་པས། ཁོང་གི་འཕྲོད་བསྟེན་གྱི་གནས་སྟངས་དེ་གལ་ཆེན་ཆགས་ཀྱི་ཡོད་པ་རེད། གལ་ཏེ་ཁོང་གློ་བུར་དུ་གྲོངས་ཚེ་རྒྱལ་ཁབ་དེའི་ནང་དབང་ཆ་འཐབ་རྩོད་བྱུང་ནས་ཤར་ཨེ་ཤི་ཡའི་བརྟན་ལྷིང་ལ་ཉེན་ཁ་ཡོད་འདུག ཕྱི་ལོ་༢༠༡༤ ལོར་ཁོང་ཉི་མ་༤༠ རིང་བརྙན་འཕྲིན་དང་འདུ་འཛོམས་སོགས་ཀྱི་ནང་དུ་མཐོང་རྒྱུ་མེད་པ་ཆགས་ནས། ཁོང་གྲོངས་ཟིན་པའམ་ནད་ཚབས་ཆེན་ཕོག་ཡོད་པའི་ཚོད་དཔག་བྱེད་མཁན་མང་པོ་བྱུང་ཡོད་པ་རེད། ད་ལྟ་ཁོང་ལོ་ན་༣༧ ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ཐ་མག་དང་ཆང་རག་མང་པོ་ལོངས་སུ་སྤྱོད་མཁན་ཡིན་འདུག་པས། ཁོང་ལ་ན་ཚ་ཁག་ཅིག་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག་ཀྱང་ངེས་གཏན་ཞིག་བརྗོད་ཐུབ་དཀའ་བོ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།