ཀེར་ཌ་མངའ་ཁུལ་ལ་རང་བཙན་དགོས་མིན་གྱི་འོས་བསྡུ།

ཀེར་ཌ་མི་རིགས་མང་ཤོས་ཡིན་པའི་ཨི་རག་གི་རང་སྐྱོང་མངའ་ཁུལ་ཀེར་ཌ་རུ། རང་བཙན་དགོས་མིན་གྱི་མང་མོས་ཐག་གཅོད་འོས་བསྡུ་བྱས་ཡོད་པ་དང་། དེས་ཨི་རག་དང་ཏུར་ཀི། ཨི་རན་སོགས་ལ་སེམས་འཚབ་ཆེན་པོ་བསླངས་ཡོད་པས། མོས་མཐུན་མེད་པའི་ཉེན་བརྡ་མང་པོ་བཏང་འདུག

ཟླ་༩ པའི་ཚེས་༢༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༩ པའི་ཚེས་༢༥ ཉིན་ཨི་རག་གི་རང་སྐྱོང་མངའ་ཁུལ་ཀེར་ཌ་རུ། ཨི་རག་གཞུང་གི་ཆོག་མཆན་མེད་པར། ཨི་རག་དང་ཁ་བྲལ་ནས་རང་བཙན་རྒྱལ་ཁབ་བྱེད་མིན་ཐད་མང་མོས་ཐག་གཅོད་འོས་བསྡུ་བྱས་པར་། ཨི་རག་གཞུང་གི་སྲིད་བློན་ཧེ་ཌེར་ཨལ་ཨ་བྷ་ཌི་ཡིས་འོས་བསྡུ་དེ་ནི་རྩ་ཁྲིམས་དང་རྒྱབ་འགལ་འགྲོ་ཡི་ཡོད་པས། དེའི་གྲུབ་དོན་ཐད་གྲོས་མོལ་བྱེད་རྩིས་མེད་པ་མ་ཟད། ཀེར་ཌ་མངའ་ཁུལ་གཞུང་གིས་ཉིན་གསུམ་ནང་ཚུད་དུ། ཁུལ་དེ་དང་ས་མཚམས་འཁེལ་བའི་ཨི་རན་དང་ཏུར་ཀི། སི་རི་ཡ་སོགས་སུ་ས་མཚམས་བལྟ་སྲུང་དང་། དེ་བཞིན་ཁུལ་དེའི་གནམ་ཐང་སྟངས་འཛིན་གྱི་འགན་ཆ་ཚང་ཨི་རག་གཞུང་ལ་རྩིས་སྤྲོད་མ་བྱས་ཚེ། མཁའ་ལམ་གྱི་འགྲོ་འོང་བཀག་སྡོམ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
ད་ལྟའི་ཆར་མང་མོས་ཐག་གཅོད་འོས་བསྡུ་དེའི་གྲུབ་དོན་ཆ་ཚང་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཡང་། ཕྱོགས་ཡོངས་ནས་གྲུབ་དོན་དེ་རང་བཙན་ལ་རྒྱབ་སྐྱོར་ཡོད་པ་ཐོན་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་པ་ལྟར། ཀེར་ཌ་མངའ་ཁུལ་གཞུང་གི་འགོ་ཁྲིད་མུ་སུ་ཌ་བྷར་ཛ་ནཱི་ཡིས། ཟླ་༩ པའི་ཚེས་༢༦ ཉིན་འོས་བསྡུ་མཁན་མི་མང་རྣམས་ཀྱིས་རང་བཙན་ལ་རྒྱབ་སྐྱོར་བྱས་ཡོད་སྐོར་བརྗོད་ནས། ཨི་རག་ལ་གྲོས་མོལ་གྱི་སྒོ་རྒྱག་མ་རུང་ཚུལ་བརྗོད་ཀྱང་། ཨི་རག་གི་སྲིད་བློན་གྱིས་རྒྱལ་ཁབ་ཀྱི་ཆིག་སྒྲིལ་དང་བདག་དབང་ལ་སྣང་མེད་གཏོང་མི་སྲིད་པ་དང་། འོས་བསྡུ་དེ་རྩ་ཁྲིམས་དང་མཐུན་གྱི་མེད་པས་གྲོས་མོལ་བྱེད་རྩིས་མེད་སྐོར་བརྗོད་འདུག

སྤྱིར་ཀེར་ཌ་མི་རིགས་རྣམས་ལ་ཨི་རག་ནས་རང་སྐྱོང་མངའ་ཁུལ་གྱི་གནས་བབ་མ་ཐོབ་པའི་སྔོན་དུ། དབྱེ་འབྱེད་ཀྱི་གནས་ཚུལ་མང་པོ་ལྷག་ཡོད་འདུག་པ་དང་། ད་ལྟའི་མངའ་ཁུལ་གྱི་འགོ་ཁྲིད་ཀྱིས་འོས་བསྡུའི་གྲུབ་དོན་གྱིས་རང་བཙན་གྱི་བསྒྲགས་གཏམ་ཞིག་སྤེལ་བའི་ཤུགས་རྐྱེན་རང་བཞིན་སྤྲོད་ཀྱི་མེད་ཀྱང་། ཨི་རག་ནས་ཁ་བྲལ་ཆེད་ཨི་རག་དང་ཁྱིམ་མཚེས་རྒྱལ་ཁབ་མཉམ་དུ་གྲོས་འགོ་བཏོན་ཆོག་པའི་དབང་ཚད་ཐོབ་ཀྱི་ཡོད་སྐོར་བརྗོད་འདུག

ཁྱིམ་མཚེས་རྒྱལ་ཁབ་ཏུར་ཀི་ནང་དུ་ཀེར་ཌ་མི་རིགས་མི་ཉུང་བ་ཡོད་འདུག་པ་དང་། ཨི་རག་གི་ཀེར་ཌ་མངའ་ཁུལ་གྱི་མང་མོས་ཐག་གཅོད་འོས་བསྡུ་དེས། རྒྱལ་ནང་དུ་ཁ་བྲལ་རིང་ལུགས་ཀྱི་སེམས་འགུལ་ཐེབས་སྲིད་པའི་སེམས་འཚབ་བྱས་ནས། ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷོན་གྱིས་ཀེར་ཌ་མངའ་ཁུལ་གྱི་གཞུང་དང་འགོ་ཁྲིད་ཀྱིས། ནོར་འཁྲུལ་དེར་ལེགས་བཅོས་མ་བྱས་ཚེ། ཁུལ་དེ་ནས་ཏུར་ཀི་བརྒྱུད་ནས་རྡོ་སྣུམ་སོགས་ཀྱི་ཚོང་འབྲེལ་བརྒྱུད་ལམ་བཀག་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

དེ་བཞིན་ཁྱིམ་མཚེས་རྒྱལ་ཁབ་ཨི་རན་གྱིས་གཟའ་མཇུག་ནས་ཀེར་ཌ་ཁུལ་དུ་འཕུར་མཁན་གྱི་གནམ་གྲུའི་མཁའ་ལམ་སྒོ་བརྒྱབ་ཡོད་པ་དང་། ད་ལྟའི་ཆར་ཀེར་ཌ་མངའ་ཁུལ་དང་ཉེ་འགྲམ་ས་མཚམས་སུ། མེ་ཤུགས་འཕུར་མདའི་རྫས་སྒྲིག་འཇོག་བྱས་ཏེ། བཙན་འཛུལ་ལ་རྒོལ་ཆེད་གྲ་སྒྲིག་བྱས་ཟིན་སྐོར་བརྗོད་ནས། ཀེར་ཌ་མངའ་ཁུལ་དེ་ཨི་རག་ནས་ཁ་བྲལ་བར་རྒྱབ་སྐྱོར་མེད་སྐོར་བརྗོད་ཡོད་འདུག

ད་ལྟའི་ཆར་ཡོངས་གྲགས་སུ་ཀེར་ཌ་མངའ་ཁུལ་གྱི་མངོན་འདོད་ལ་རྒྱབ་སྐྱོར་བྱེད་མཁན་གཅིག་པུ་ནི་ཨི་ཛེ་རེལ་རྒྱལ་ཁབ་ཡིན་འདུག ཨ་རིས་འོས་བསྡུ་དེ་བྱས་པར་བློ་ཕམ་ཡོད་ཀྱང་། ལོ་རྒྱུས་ཀྱི་ཆ་ནས་ཕྱོགས་གཉིས་བར་ལ་ཡོད་པའི་འབྲེལ་ལམ་རང་སོར་གནས་རྒྱུ་ཡིན་པ། དེ་བཞིན་འོས་བསྡུ་དེས་ཨི་རག་གཞུང་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་འབྲེལ་ལམ་ལ་དོ་ཕོག་བཏང་ཡོད་པས། ཁུལ་དེར་བརྟན་ལྷིངས་མེད་པའི་གནས་སྟངས་ཚབས་ཆེ་རུ་འགྲོ་རྒྱུ་དང་། མི་མང་ལ་དཀའ་ངལ་མང་དུ་འགྲོ་རྒྱུ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ། གནས་སྟངས་དེས་མཁྲེགས་འཛིན་རིང་ལུགས་པར་གོ་སྐབས་ཐོབ་སྲིད་པའི་ཞེད་སྣང་ཡོད་སྐོར་བརྗོད་འདུག

ཨ་རེག་ཏུ་ཡོད་པའི་དབྱིན་ཡུལ་གྱི་གཞུང་ཚབ་པས། རྒྱུན་རིང་གི་ལོ་རྒྱུས་ཡོད་པའི་ཀེར་ཌ་མངའ་ཁུལ་དང་དབྱིན་ཡུལ་བར་གྱི་འབྲེལ་ལམ་མུ་མཐུད་གནས་རྒྱུ་ཡིན་པ་དང་། ཨེ་སི་སི་འཇིགས་སྐུལ་རིང་ལུགས་པ་དང་འཐབ་རྒོལ་བྱེད་པའི་མཉམ་ལས་ཀྱང་མུ་མཐུད་གནས་རྒྱུ་ཡིན་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།