ཀོ་ཝིན་ཀོ་ཡིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་པ་རེད།

ཉེ་ཆར་ནས་རྒྱ་རིགས་ཚོང་པ་ཀོ་ཝིན་ཀོ་ཡིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་སྐོར་གྱི་སྐད་ཆ་ཕྱིར་བསྒྲགས་གནང་བ་དང། ཐེངས་འདིའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ནང་དེའི་སྐོར་གླེང་སློང་བྱས་ཡོད་ནའང་། མཇལ་ཁ་ཞུས་པ་ཙམ་ལས་གནད་དོན་གཞན་ཁག་ཁ་གསལ་གང་ཡང་ཆགས་མེད་པ་རེད།

ཐེངས་འདིའི་གྲོས་ཚོགས་ནང་སྤྱི་འཐུས་ངག་དབང་ཐར་པས། རྒྱ་ནག་གི་ཚོང་པ་ཀོ་ཝིན་ཀོ་ཡིས་༧གོང་ས་མཆོག་ལ་མཇལ་འཕྲད་སྐོར་དང་། རྒྱ་ནག་གི་དཔོན་རིགས་དང་༧གོང་མཆོག་གི་བར་ཕོ་ཉ་བྱས་སྐོར་དང་འབྲེལ། ཁོང་ལ་རྒྱ་ནག་གིས་༧གོང་ས་མཆོག་བཀྲོངས་ཤོག་ལབ་སོང་ཟེར་བ་བརྙན་བརྒྱུད་ནས་བཤད་པ་དེ་ཚོ་བདེན་པ་ཡིན་མིན་དང་། རྒྱ་རིགས་ལ་༧གོང་ས་མཆོག་གིས་མཇལ་ཁ་གནང་སྐབས་སྐུ་ཕྱྭར་གཟབ་དགོས་སྐོར་དྲིས་པ་དང་། སྲིད་སྐྱོང་བློ་བཟང་སེང་གེས་ཟླ་འདིའི་ཚེས་༢༩ ཉིན་གྲོས་ཚོགས་ནང་ལན་འདེབས་གནང་དོན། “རྒྱ་རིགས་ཚོང་པ་ཆེན་པོ་ཀོ་ཡིས་སྐབས་ཅིག་ལ་༧གོང་ས་མཆོག་བཀྲོངས་ཤོག་ཟེར་གྱི་འདུག་ཟེར་བ་དེ་རེད། ཁོ་རང་གིས་དེ་འདྲ་བཤད་རེད། བསྡོམས་བརྒྱབ་ན་སྔོན་མ་ཁོ་རང་༧གོང་ས་མཆོག་དང་མཇལ་འཕྲད་བྱུང་ཡོད་པ་རེད། པར་བཀྲམ་པ་དེ་ཚོ་ང་ཚོས་མ་རེད་ཟེར་གྱི་ཡོད་པ་མ་རེད། དེའི་སྐབས་ཁོ་རང་ལ་རྒྱ་ནག་ནང་རྒྱབ་སྐྱོར་དང་། གཞུང་གི་གནད་ཡོད་མི་སྣར་འབྲེལ་བ་ཡོད་པ་དངོས་ཡོད་གནས་སྟངས་རེད། རྗེས་སུ་ཁོ་རང་ལ་ཆབ་སྲིད་ཟེར་ནའང་རེད། དཔལ་འབྱོར་ཟེར་ནའང་དཀའ་ངལ་འཕྲད་པས། ཨ་རིར་སྐྱབས་བཅོལ་བ་བྱས་ནས་བསྡད་ཡོད་རེད། དེ་ནས་ཨ་རིའི་རླུང་འཕྲིན་གྱི་བརྙན་འཕྲིན་གྱིས་མཚོན་གསར་འགོད་བརྒྱུད་ལམ་ཁག་དང་ཡུ་ཊོབ་དྲ་ལམ་ནང་མང་པོ་ཞེ་དྲག་ཅིག་བཤད་ཡོད་རེད། སྐད་ཆར་ཉན་ན་སྦ་ར་སྦུར་ར་འདྲ་དྲན་ཚད་དང་བསམ་བློའི་ནང་འཁོར་ཚད་བཤད་ཀྱི་འདུག་བསམ་པ་འདྲ་ཆགས་ཡོད་རེད། ཞིབ་འཇུག་བྱས་ནས་བཀའ་མོལ་དང་པོ་གནང་བ་དང་རྗེས་སུ་བཀའ་མོལ་གནང་བ་ཚང་མར་གཟིགས་ད། ཁོ་རང་གིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པས། བཤད་པའི་ཞོར་ལ་དེ་འདྲ་ཞིག་ཡོད་རེད་ཅེས་ཉེན་ཚབས་ཆེན་པོ་འདྲ་བཤད་བཞག་པར་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་༧གོང་ས་མཆོག་གི་སྐུ་ཕྱྭར་ཉེན་ཁ་ཡོད་མ་རེད་ཟེར་གྱི་མེད། ཉེན་ཁ་ཡོད་པར་ངོས་འཛིན་བྱས་ཏེ་གྲ་སྒྲིག་དགོས་ཀྱི་ཡོད་པས། རྒྱ་གར་དབུས་གཞུང་དང་ཧི་མ་ཅལ་གཞུང་། འཛམ་གླིང་གང་ལ་༧གོང་ས་མཆོག་ཕེབས་ནའང་སྐུ་ཕྱྭ་སྲུང་སྐྱོབ་ཀྱི་མི་ཆ་དང་འཕྲུལ་ཆའི་གང་ཐོག་ནས་ཡིན་ནའང་གྲ་སྒྲིག་ཡག་པོ་དགོས་པ་རེད་”ཅེས་ཞུ་ཡི་ཡོད་གསུངས་སོང་།

ཀོ་ཝིན་ཀོ་ཡིས་ཕྱི་ལོ་༢༠༡༣ ལོ་མཇུག་ཙམ་ལ། ཁོང་གིས་ཞི་ཅིན་ཕིང་དང་༧གོང་ས་མཆོག་གི་བར་འབྲེལ་བ་འཛུགས་ཆེད་ཉི་ཧོང་དུ་༧གོང་ས་མཆོག་ལ་བཅར་འདྲི་ཞུས་པ་དང་། དེ་དུས་༧གོང་ས་མཆོག་གིས་ཞི་ཅིན་ཕེན་ལ་ནང་མོལ་གྱི་ཚུལ་དུ་གསུང་འཕྲིན་བསྩལ་སྐོར་དང་འབྲེལ་༧གོང་ས་མཆོག་གི་གསུང་འཕྲིན་ཡི་གེ་ཞིག་ཀྱང་ཕྱིར་བསྒྲགས་བྱས་ཡོད་པ་རེད། ད་དུང་ཁོང་གིས་༧གོང་ས་མཆོག་མཇལ་བཅར་ཆེད་སྒོར་དུང་ཕྱུར་གསུམ་གྱི་འགྲོ་སོང་བཏང་སྐོར་དང་། རྒྱ་ནག་གི་གསང་ལས་ཚན་ཁག་གི་འགོ་བ་དང་། རྒྱ་ནག་དབུས་སྤྱི་བདེ་གསང་ལས་སྡེ་ཁག་གི་འགོ་གཙོ་གཞོན་པ་བརྒྱུད་ནས་༧གོང་ས་མཆོག་གི་གསུང་འཕྲིན་ངོ་བཤུས་ཤིག་ཞི་ཅིན་ཕིང་ལ་སྤྲད་སྐོར་ཡང་གསུངས་པ་དང་། གསུང་འཕྲིན་གྱི་ངོ་བཤུས་ཤིག་ཕྱིར་བསྒྲགས་ཀྱང་གནང་འདུག ཡིན་ཡང་སྒོར་མོ་རྒྱལ་ཁབ་གང་གི་སྒོར་ཡིན་དང་གཙོ་བོ་འགྲོ་སོང་གང་ལ་བཏང་ཡོད་སྐོར་གསལ་ཁ་གང་ཡང་མེད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།