ཀོ་རི་ཡའི་ལྷོ་བྱང་གཉིས་བར་གྱི་རྩོད་རྙོག་དང་ཕྱོགས་གཉིས་ཀྱི་དམག་འཁྲུག་གྲ་སྒྲིག
ཀོ་རི་ཡ་ལྷོ་བྱང་གཉིས་བར་དུས་ཡུན་རིང་པོ་ནས་རྩོད་རྙོག་ཡོད་པ་དང་། ད་ཆར་ས་ཁམས་ཆབ་སྲིད་ཀྱི་འགྱུར་འགྲོས་ཁྲོད་ནས་ཕྱོགས་གཉིས་ཀྱི་རྩོད་རྙོག་སྔར་ལས་ཇེ་ཆེ་དང་ཛ་ཇེ་དྲག་ཏུ་འགྱུར་བཞིན་ཡོད་འདུག
ཕྱི་ཚེས་༡༦ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་ས་མཚམས་སུ་ད་ཆར་རྩོད་རྙོག་ཆེན་པོ་ཞིག་ཡོང་བཞིན་ཡོད་འདུག་ལ། དེ་ཡང་བྱང་ཀོ་རི་ཡས་བརྗོད་དོན་ལ། ལྷོ་ཀོ་རི་ཡས་བྱང་ཀོ་རི་ཡའི་མངའ་ཁུལ་ནང་མི་མེད་གནམ་གྲུ་གཏོང་གི་ཡོད་པ་དང་། མི་མེད་གནམ་གྲུ་དེ་དག་བྱང་ཀོ་རི་ཡའི་རྒྱལ་སའི་ཉེ་འཁོར་དུ་གཏོང་གི་ཡོད་པར་བརྗོད་འདུག བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་བྱང་ཀོ་རི་ཡའི་དམག་མི་མང་པོ་ཞིག་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་ས་མཚམས་སུ་བཏང་ནས་གལ་སྲིད་མི་མེད་གནམ་གྲུ་བསྐྱར་དུ་བཏང་ན་མེ་མདའ་རྒྱག་ཆོག་པའི་ཆོག་མཆན་སྤྲད་ཡོད་པར་བརྗོད་ཡོད་འདུག དེ་བཞིན་ལྷོ་ཀོ་རི་ཡའི་གཞུང་གི་ངོས་ནས་ཀྱང་ལྷོ་ཀོ་རི་ཡའི་དམག་མི་རྣམས་ལ་ས་མཚམས་སུ་ལྟ་སྲུང་ནན་པོ་བྱེད་དགོས་པའི་བཀའ་བཏང་ཡོད་འདུག
ད་དུང་ལྷོ་ཀོ་རི་ཡའི་གཞུང་གིས་གལ་སྲིད་ལྷོ་ཀོ་རི་ཡའི་མི་མང་ཐོག་གནོད་འཚེའི་རིགས་བྱུང་ཚེ་བྱང་ཀོ་རི་ཡའི་སྲིད་གཞུང་རྩ་མེད་བཟོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག ཁ་སང་གཟའ་མིག་དམར་ཉིན་བྱང་ཀོ་རི་ཡས་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་ས་མཚམས་སུ་ཡོད་པའི་གཞུང་ལམ་གཉིས་ཡོད་འདུག་པ་དེ་གཉིས་ཀ་གཏོར་ཡོད་འདུག་པ་དང་། ན་གཞོན་ས་ཡ་༡་༤་ཙམ་ཞིག་དམག་མིའི་ནང་འཛུལ་དགོས་པའི་བཀའ་བཏང་ཡོད་འདུག ལྷོ་བྱང་ཀོ་རི་ཡ་གཉིས་བར་འདི་ལོའི་ཕྱི་ཟླ་༡ པོ་ནས་བཟུང་ས་མཚམས་སུ་རྩོད་རྙོག་ཆེན་པོ་འབྱུང་འགོ་བཙུགས་ཡོད་འདུག་པ་དང་། ཕྱི་ཟླ་༡ པོའི་ནང་བྱང་ཀོ་རི་ཡའི་འགོ་ཁྲིད་(Kim Jong Un)ཀེ་ཇོ་ཨན་གྱིས་ལྷོ་ཀོ་རི་ཡ་ནི་བྱང་ཀོ་རི་ཡའི་དགྲ་བོ་དང་པོ་དེ་ཡིན་པར་བརྗོད་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༡༡ ཉིན་བྱང་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གྱིས་ལྷོ་ཀོ་རི་ཡས་མི་མེད་གནམ་གྲུ་གཉིས་བྱང་ཀོ་རི་ཡའི་རྒྱལ་སའི་ཉེ་འཁོར་དུ་བཏང་ཡོད་པའི་དཔང་རྟགས་ཡོད་ཚུལ་སོགས་ཀྱི་སྐྱོན་བརྗོད་བྱས་ཡོད་འདུག་ལ། དེ་བཞིན་སྲིད་འཛིན་ཀེ་ཇོ་ཨན་གྱི་གཅུང་མོ་(Kim Yo Jon)ཀེ་ཡོ་ཇོན་གྱིས་གལ་སྲིད་བསྐྱར་དུ་མི་མེད་གནམ་གྲུ་བཏང་ན་མཇུག་འབྲས་ངན་པ་ཡོང་རྒྱུའི་ཉེན་བརྡ་བཏང་ཡོད་འདུག བདུན་འདིའི་གཟའ་ཟླ་བའི་ཉིན་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེ་ཇོ་ཨན་གྱིས་བྱང་ཀོ་རི་ཡའི་དམག་དཔོན་དང་། བདེ་སྲུང་བློན་ཆེན། གཞུང་གི་འགོ་ཁྲིད་མཐོ་གྲས་རྣམས། གསར་འགྱུར་ལས་ཁང་སོགས་དང་ཐུག་འཕྲད་བྱས་ཡོད་འདུག དེ་བཞིན་རྒྱལ་ཁབ་སྲུང་སྐྱོབ་ཆེད་དུ་དམག་མི་རྣམས་ཀྱིས་གྲ་སྒྲིག་ཆ་ཚང་བྱེད་དགོས་པའི་བཀའ་བཏང་ཡོད་འདུག ལྷོ་ཀོ་རི་ཡའི་ཕྱོགས་ནས་ཀྱང་དམག་མི་རྣམས་གྲ་སྒྲིག་བྱས་ནས་ལྟ་སྲུང་ནན་པོ་བྱེད་ཀྱི་ཡོད་འདུག
སྲིད་དོན་དཔྱད་བརྗོད་པ་དག་གིས་ཐེངས་འདིའི་གནད་དོན་ཁྲོད་བྱང་ཀོ་རི་ཡའི་གཞུང་གིས་ལྷོ་ཀོ་རི་ཡའི་ཕྱོགས་ནས་མི་མེད་གནམ་གྲུ་བཏང་ཡོད་ཚུལ་བརྗོད་པ་ནི་བྱང་ཀོ་རི་ཡའི་སྲིད་གཞུང་སྲ་བརྟན་ཡོང་ཆེད་དང་མི་མང་ཁྲོད་ནས་གཞུང་ལ་བློ་དཀར་གཞུང་དྲང་ཡོང་ཆེད་དུ་བརྗོད་པ་ཞིག་ལས་ཕྱི་ཕྱོགས་ནས་ཉེན་ཁ་དངོས་སུ་ཡོད་པ་ཞིག་མ་རེད་ཅེས། (at Dong-a University)་ཞེས་པའི་གཙུག་ལག་མཐོ་སློབ་ཀྱི་སྲིད་དོན་ཚན་རིག་གི་སློབ་དཔོན་(Kang Dong-wan)་ཡིས་བརྗོད་འདུག ད་དུང་ཁོང་གིས་བྱང་ཀོ་རི་ཡའི་སྲིད་གཞུང་ནི་འཇིགས་སྣང་དང་ཕྱི་ཕྱོགས་ནས་དགྲ་ཞིག་ཡོང་རྒྱུ་ལ་བལྟས་ནས་འདུག་ཡོད་པས། ཕྱི་ཕྱོགས་ནས་ཉེན་ཁ་བྱུང་ན་མི་མང་ཚོ་སྲིད་གཞུང་ལ་བློ་དཀར་གཞུང་དྲང་ཡོང་རྒྱུ་ཡིན་པར་བརྟེན། ཁོང་ཚོ་ལ་དགྲ་མེད་ཀྱང་ཡོད་ཚུལ་རྗོད་ཀྱི་ཡོད་པར་བརྗོད་འདུག
དེ་བཞིན་ལྷོ་བྱང་ཀོ་རི་ཡ་གཉིས་བར་གྱི་གནད་དོན་ནི་བྱ་ཕོའི་རྩེད་མོ་ལྟ་བུ་ལས་དངོས་སུ་འཁྲུག་འཛིང་བྱེད་འདོད་ཡོད་མ་རེད་བརྗོད་འདུག བྱང་ཀོ་རི་ཡ་ལྟ་བུར་མཚོན་ན་རྒྱལ་ཁབ་གྱི་ནང་ཁུལ་དུ་ཡིད་ཆེས་མེད་པའི་རྐྱེན་གྱིས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པར་བརྟེན། ནང་གི་དཀའ་ངལ་སེལ་ཆེད་དུ་ཕྱི་ཕྱོགས་ནས་ཉེན་ཁ་ཡོང་བཞིན་ཡོད་ཚུལ་རྗོད་ཀྱི་ཡོད་པར་བཤད། ཀོ་རི་ཡའི་མཐོ་སློབ་ཟེར་བ་ནང་པའི་བྱང་ཀོ་རི་ཡའི་སྐོར་སློབ་ཚན་འཁྲིད་མཁན་སློབ་དཔོན་ཆེན་མོ་(Nam Sung-wook)ཟེར་བ་ཁོང་གིས་བྱང་ཀོ་རི་ཡས་དམག་འཁྲུག་དངོས་སུ་སླང་རྒྱུའི་འདོད་པ་མེད་པ་དང་། རྒྱུ་མཚན་ནི་དམག་འཁྲུག་དངོས་སུ་བྱུང་བ་ཡིན་ན་མཇུག་འབྲས་ངན་པ་ཡོང་རྒྱུ་ཡིན་པ་ཤེས་ཀྱི་ཡོད་ཅིང་། ཁ་རྩོད་རྒྱག་རྒྱུ་ལས་འདོད་པ་ཡོད་མ་རེད་ཅེས་བརྗོད་འདུག
འོན་ཀྱང། ཕྱི་ལོ་༡༩༥༣ ལོ་ནས་ལྷོ་བྱང་ཀོ་རི་ཡ་གཉིས་བར་དམག་འཁྲུག་མཇུག་བསྡུས་རྗེས་ཞི་བའི་གྲོས་མཐུན་གཅིག་ཀྱང་འཇོག་མྱོང་ཡོད་མི་འདུག་ལ། ད་ཆར་བྱང་ཀོ་རི་ཡའི་སྲིད་འཛིན་གྱིས་བྱང་ཀོ་རི་དང་ཨུ་རུ་སུ། རྒྱ་ནག་བཅས་ལ་མཐུན་གྲོགས་ལྟ་བུར་ཐག་ཉེ་བོ་བཟོས་ཡོད་པ་དང་། དེ་བཞིན་ལྷོ་ཀོ་རི་ཡ་དང་ཨ་རི། ནུབ་ཕྱོགས་རྒྱལ་ཁབ་ཚོ་མཐུན་གྲོགས་གཅིག་ཏུ་ཆགས་ནས། ད་ཆར་ཨ་རིའི་སྲིད་འཛིན་འོས་བསྡུ་བསླེབ་ལ་ཉེ་བའི་སྐབས་སུ་དམག་འཁྲུག་ཡོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།