ཀོ་ལེ་གྷལ་གཞིས་ཆགས་སུ་ངལ་སེལ་རོགས་སྐྱོར།
དེང་སྐབས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ནད་ཡམས་ཀྱིས་འཛམ་གླིང་གང་སར་དཀའ་ངལ་སྤྲད་དང་སྤྲོད་བཞིན་པའི་སྐབས་སུ། རྒྱ་གར་རྒྱལ་ཡོངས་ཁྱིམ་སྡོད་བཀའ་རྒྱའི་འོག་ཡོད་པའི་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་གཞིས་ཆགས་ནང་དཀའ་སེལ་རོགས་རམ་གནང་ཡོད་འདུག
དེ་ཡང་འབྲེལ་ཡོད་ཅིག་གིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཕྱི་ཟླ་༥ པའི་ཚེས་༡༡ ཉིན་སྔ་འགྱུར་རྙིང་མའི་སྤྱི་འཐུས་རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་སྒེར་ངོས་ནས་གཞིས་སྒར་རང་ཁོངས་ཀྱི་ཉམ་ཐག་ཨང་ཐོབ་ཅན་མི་གྲངས་༢༩ དང་གཞན་རྒན་རབས་པ་སོགས་ཨང་ཐོབ་༢ པའི་སྡེ་ཚན་ཁོངས་མི་གྲངས་༢༤ བཅས་བསྡོམས་མི་གྲངས་༥༣ ལ་འཚོ་སྣོན་དུ་མི་རེར་སྒོར་༢,༠༥༣ གྱི་རིན་འབབ་བསྡོམས་སྒོར། ༡༠༨,༨༠༩ ལྷག་ཉེ་བའི་ཟས་རིགས་འཚོ་སྣོན་དུ་གནང་ཡོད་འདུག
དེ་ཡང་ཁོང་གིས་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་འགོ་མཆོག་གིས་བཀའ་ཁྲོལ་འོག དོན་ལྡན་གླིང་སྤྱི་ཁྱབ་བརྒྱ་དཔོན་གཙོས་བརྒྱ་དཔོན་ཁག་གཅིག་དང་དགོན་པའི་དགེ་བསྐོས་བཅས་མཉམ་ཕེབས་ཀྱིས་བགོ་འགྲེམ་རོགས་རམ་གནང་འདུག
སྐབས་དེར་ཁོང་གིས་ “མ་གཞི་ཨང་ཐོབ་ཅན་གྱི་རྒན་རབས་པ་སོགས་ལ་བོད་གཞུང་ནང་ཤེས་འཕྲོད་ནང་གསུམ་ནས་དུས་རྒྱུན་རོགས་རམ་གང་དགོས་གནང་དང་གནང་བཞིན་འདུག་པ་མ་ཟད། ཉེ་ཆར་ས་གནས་ཛ་དྲག་ངལ་སེལ་ཚོགས་ཆུང་གིས་ཀྱང་འཚོ་སྣོན་འཕར་མ་སྤྲད་ཡོད་པ་རེད། ཡིན་ན་ཡང་དཀའ་ངལ་གྱི་སྐབས་སུ་སྐྱབས་བཅོལ་བའི་སྤྱི་ཚོགས་འདི་ཉིད་སྐྱིད་སྡུག་མཉམ་མྱོང་ཡོད་པ་མཚོན་ཆེད་དུ་ཚང་མ་མཉམ་རུབ་ཀྱིས་ཕྱི་ནང་གི་དཀའ་ངལ་མ་སེལ་བར་རོགས་ཕན་ཡོང་ཐབས་ལ་འབད་འབུངས་བྱེད་དགོས་ཞེས་”གསུངས་འདུག
དེ་བཞིན་ཉེ་སྔོན་ཀོ་ལེ་གྷལ་གཞིས་ཆགས་ཀྱི་ནད་ཡམས་སྔོན་འགོག་དང་། ངལ་སེལ་ཛ་དྲག་ཚོགས་ཆུང་ལ་གྲུབ་དབང་༧རྒྱལ་བ་རྫོགས་ཆེན་དགོན་པ་ནས་ཧིན་སྒོར་ཆིག་འབུམ་ཞལ་འདེབས་གནང་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།