ཀོ་ལོམ་བེ་ཡའི་ཉེན་སྐྱོབ་པས་རྦ་རླབས་ཀྱིས་འདེད་པའི་གྲུ་པ་ཞིག་བསྐྱབས་འདུག

ཟླ་བ་འདིའི་ཚེས་༢༢ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། 

ཟླ་བ་འདིའི་ ༡༥ ཉིན་ཀོ་ལོམ་བེ་ཡའི་ཉེན་སྐྱོབ་རུ་ཁག་ལ་གྲུ་པ་ཞིག་མཚོ་ཐོག་ཏུ་ལྷག་ནས་མྱུར་སྐྱོབ་རེ་སྐུལ་ཀྱི་བརྡ་སྤྲོད་ཐབས་བྱེད་ཀྱི་ཡོད་པའི་སྐོར་གནས་ཚུལ་འབྱོར་འཕྲལ། ཉེན་སྐྱོབ་རུ་ཁག་གིས་གྲུ་པ་དེ་འཚོལ་ཞིབ་ཐུབ་རྗེས། མྱུར་སྐྱོབ་བྱས་ཐུབ་པ་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

ཀོ་ལོམ་བེ་ཡའི་ཉེན་སྐྱོབ་རུ་ཁག་གིས་གྲུ་པ་ཁོང་མྱུར་སྐྱོབ་ཐུབ་རྗེས། གྲུ་པ་ཁོང་ལ་དོན་རྐྱེན་དེ་དང་འབྲེལ་བའི་བརྙན་ཐུང་ཞིག་བཟོས་ཡོད་འདུག བརྙན་ཐུང་དེའི་ནང་གྲུ་པ་ཁོང་གིས་གནས་ཚུལ་འགྲེལ་བརྗོད་བྱེད་པའི་ནང་།  སྔར་ལོ་ཕྱི་ཟླ་༡༢ པའི་ནང་། ཁོང་གིས་གྲུང་གཟིངས་བཟོ་བཅོས་རྒྱག་སྐབས་གློ་བུར་དུ་གནམ་གཤིས་འགྱུར་ལྡོག་ཆེན་པོ་བྱུང་ནས། གྲུ་པ་ཁོང་རླུང་འཚུབ་དང་རྦ་རླབས་ཀྱིས་དབང་མེད་དུ་འདེད་པ་མ་ཟད། སྐབས་དེར་བརྡ་ཐག་ཀྱང་ཡག་པོ་མེད་སྟབས། ནང་མི་གཉེན་འབྲེལ་དང་འབྲེལ་གཏུགས་བྱེད་ཐུབ་མ་སོང་ཞེས་དང་། དོན་རྐྱེན་དེ་བྱུང་ནས་ཉིན་གྲངས་༢༤ རིང་ཁོང་གིས་གྲུ་གཟིངས་ཐོག་ལྷག་པའི་སྒོག་པའི་ཕྱེ་མ་དང་། ཀྲོ་མ་ཀྲུའི་ཁུ་བ། དེ་བཞིན་<seasoning cubes>ཡོད་པ་དག་ཆུ་དང་མཉམ་དུ་མཉམ་བསྲེས་བྱས་ནས་ཟས་པར་བརྟེན་གསོན་པོར་གནས་ཐུབ་སོང་ཞེས་འགྲེལ་བརྗོད་བྱས་འདུག

དེ་བཞིན་ཀོ་ལོམ་བེ་ཡའི་ཉེན་སྐྱོབ་རུ་ཁག་གིས། གྲུ་པ་ཁོང་ཐེངས་འདིའི་དོན་རྐྱེན་ལས་ཐར་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་ཁོ་པས་གྲུ་གཟིངས་ཐོག་སྐྱོབ་རོགས་ཞེས་པའི་ཡི་གེ་ཞིག་བཀོད་ཡོད་པ་དང་།དེ་བཞིན་ཤེལ་སྒོའི་འོད་ཀྱིས་མྱུར་སྐྱོབ་རེ་སྐུལ་ཀྱི་བརྡ་སྤྲད་ཐབས་བྱས་པ་བཅས་ལ་བརྟེན་ནས་ཁོ་པ་སྲོག་ཉེན་ལས་ཐར་ཐུབ་པ་བྱུང་བ་རེད་ཅེས་བརྗོད་འདུག

ལོ་ན་༤༧ ལ་སོན་པའི་གྲུ་པ་ཁོང་ནི་ས་གནས་<Dominica > ནས་ཡིན་པ་དང་། ཁོང་གི་མིང་ལ་<ElvisFrancois>ཟེར་ཞིང་། ཀོ་ལོམ་བེ་ཡའི་ཉེན་སྐྱོབ་རུ་ཁག་གིས། ཁོང་བསྐྱབས་རྗེས་གཟུགས་གཞི་ལ་རྟག་དཔྱད་ཡག་པོ་བྱས་མཐར་ད་ལྟ་ཁོང་གི་གཟུགས་པོའི་གནས་སྟངས་ཡག་པོ་ཆགས་ཡོད་འདུག་པ་དང་། མགྱོགས་མྱུར་ཁོང་ཉིད་ཀྱི་ལུང་པར་བསྐྱེལ་རྒྱུ་ཡིན་ཞེས་བརྗོད་འདུག།

གསར་འགོད་པ་བདེ་སྒྲོན།

Share this:

Leave a Reply