ཀོ་ལོམ་བྷི་ཡའི་སྲིད་འཛིན་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་པ།

ལོ་ན་༦༥ ལ་སོན་པའི་ཀོ་ལོམ་བྷི་ཡའི་སྲིད་འཛིན་སྐུ་ཞབས་ཇཱོན་མེ་ནུལ་སེན་ཊོསི་Juan Manuel Santos ཡིས། རྒྱལ་ཁབ་དེ་ཉིད་ཀྱི་གྱེན་ལོག་རུ་ཁག་ཧྥར་ཁེ་དང་ཞི་འགྲིག་ཡོང་ཐབས་ལ་འབད་བརྩོན་བྱས་དང་བྱེད་བཞིན་པ་ལ་བརྟེན་ནས། ཕྱི་ལོ་༢༠༡༦ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ། ཁོང་ལ་གནང་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད་འདུག

14627964_1278625788827954_1630601924_nདེ་ཡང་ཟླ་འདིའི་ཚེས་༧ ཉིན་ནོ་བྷེལ་ལྷན་ཚོགས་ཀྱིས་སྲིད་འཛིན་ཁོང་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་གནང་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་རེད། འོན་ཀྱང་སྲིད་འཛིན་ཁོང་གིས་གྱེན་ལོག་རུ་ཁག་དང་བཞག་པའི་ཞི་བདེའི་གྲོས་དོན་དེར། ཟླ་འདིའི་ཚེས་༢ ཉིན་ཀོ་ལོམ་བྷི་ཡའི་མི་མང་གིས་རྒྱབ་སྐྱོར་ཡོད་མེད་འོས་བསྡུ་བྱས་ཏེ། རྒྱབ་སྐྱོར་ཐོབ་མེད་པ་རེད།

ནོ་བྷེལ་ཞི་བདེའི་གཟེངས་རྟགས་གསལ་བསྒྲགས་བྱས་རྗེས། སྲིད་འཛིན་ཁོང་གིས་མི་མང་ལ་ “ངས་མི་མང་ཚང་མར་རེ་སྐུ་ཞུ་རྒྱུར། རྒྱལ་ཁབ་དེར་ཞི་བདེ་ཡོང་ཆེད་དུ། མི་མང་ཚང་མས་ནུས་པ་མཉམ་དཔུང་བྱེད་རོགས་”ཞེས་བཤད་ཡོད་འདུག ཁོང་གིས་གཟེངས་རྟགས་དེའི་བྱ་དགའ་དངུལ་ཨ་སྒོར་འབུམ་༩ དང་ཁྲི་༣ ལྷག་ཡོད་པ་རྣམས། འཐབ་རྩོད་ཁྲོད་དུ་གནོད་འཚེ་དང་གྱོང་གུད་ཕོགས་ཡུལ་གྱི་མི་མང་རྣམས་ལ། ཞལ་འདེབས་གནང་རྒྱུ་ཡིན་སྐོར་བརྗོད་འདུག

ནིའུ་ཡོག་དུས་བབ་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། མི་མང་ནང་དུ་གཟེངས་རྟགས་དེར་བསམ་ཚུལ་མི་མཐུན་པ་ཡོད་འདུག གྱེན་ལོག་པ་དང་ཞི་བདེའི་གྲོས་དོན་ལ་རྒྱབ་སྐྱོར་མ་བྱས་མཁན་ཞིག་གིས། ད་ལྟའི་ཆར་སྲིད་འཛིན་ཁོང་གིས་ཞི་བདེ་སྐྲུན་ཐུབ་མེད་པས། གཟེངས་རྟགས་སྤྲོད་པའི་དུས་ཚོད་སྔ་དྲག་སྐོར་བརྗོད་འདུག དེ་བཞིན་ཞི་བདེའི་གྲོས་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་གིས། ཁོ་ཚོ་ཚང་མ་ཞི་བདེ་འདོད་ཀྱི་ཡོད་པས། གཟེངས་རྟགས་དེས་གྱེན་ལོག་རུ་ཁག་དང་སྲིད་གཞུང་བར། གྲོས་ཆོད་བསྐྱར་དུ་འཇོག་རྒྱུར་ཕན་པ་མ་ཟད། གྲོས་ཆོད་ལ་དགག་པ་བྱེད་མཁན་མཁྲེགས་བཟུང་བ་ཚོ། ཏོག་ཙམ་གུ་ཡངས་ཆགས་པར་ཕན་རྒྱུ་ཡིན་སྐོར་བརྗོད་འདུག

༧གོང་ས་མཆོག་གིས་སྲིད་འཛིན་ཁོང་ལ་མཚམས་འདྲི་གནང་བའི་ནང་ “ཐོག་མའི་ཆར་གྲུབ་འབྲས་སྨིན་རྒྱུའི་རེ་བ་ཧ་ཅང་དཀའ་བར་སྣང་ཡང་། སྐུ་ཉིད་ནས་ངལ་བ་ཁྱད་དུ་བསད་ནས་ཀོ་ལམ་བྷི་ཡའི་ནང་ཞི་བདེ་བསྐྲུན་སླད། ཆོད་སེམས་བརྟན་པོས་འབད་བརྩོན་གནང་བར་བརྟེན། ཐེངས་འདིར་གཟེངས་རྟགས་འདི་བརྒྱུད་སྐུ་ཉིད་ཀྱི་འབད་བརྩོན་དེར་ངོས་འཛིན་ཐོབ་པ་ཞིག་ཆགས་ཡོད།

སྐུ་ཉིད་ནས་ཆོད་སེམས་བརྟན་པོས་ནང་ཁུལ་འགྲིག་འཇགས་ཡོང་ཐབས་གནང་བཞིན་པའི་སྐབས་འདིར། འགེགས་བར་ཆད་འཕྲད་ཀྱང་སྙིང་སྟོབས་མ་ཞུམ་པར་མུ་མཐུད་འབད་བརྩོན་གནང་བཞིན་པ་དེས། ངོས་ལའང་བློ་སྤོབས་ཧ་ཅང་སྟེར་བྱུང་། གལ་ཆེ་ཤོས་ནི་གྲུབ་འབྲས་མ་སྨིན་བར་མུ་མཐུད་འབད་བརྩོན་བྱ་རྒྱུ་དེ་རེད།

སྐུ་ཉིད་ཀྱིས་གྲོས་མོལ་དང་ཕན་ཚུན་གུས་བཀུར་བསམ་ཤེས་ཐོག་ནས་དཀའ་ངལ་སེལ་དགོས་པའི་ལམ་སྟོན་གནང་བ་དེར། གྲུབ་འབྲས་སྨིན་ནས་ཀོ་ལམ་བྷི་ཡའི་ཡུལ་ནང་ཞི་བདེ་དང་ཡར་རྒྱས་ཀྱི་དུས་རབས་གསར་པ་ཞིག་མགྱོགས་མྱུར་འཆར་ཐུབ་རྒྱུ་ཡིན་པ་ངོས་ལ་ཡིད་ཆེས་ཡོད།”ཅེས་འཁོད་འདུག

དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེས་མཚམས་འདྲི་གནང་བའི་ནང “་སྐུ་ཉིད་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པར་ངས་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། གཟེངས་རྟགས་འདི་ནི་སྐུ་ཉིད་ཀྱིས་དཀའ་ངལ་འཕྲད་བཞིན་དུ་ལྷག་བསམ་རྣམ་དག་ཐོག་ནས། རྒྱལ་ཁབ་ནང་ཞི་བདེ་བསྐྲུན་ཐབས་ཆེད་འབད་བརྩོན་གནང་བཞིན་པ་དེར་གུས་འདུད་ཞུས་པ་ཞིག་ཡིན།

དེང་འཛམ་གླིང་ནང་ལྟ་བ་མཆོག་འཛིན་ལ་གཞི་བཅོལ་བའི་འཚེ་བའི་དྲག་སྤྱོད་ལ་བརྟེན། ཕྱོགས་གང་སར་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར། སྐུ་ཉིད་ཀྱིས་འགྱུར་བ་མེད་པའི་ཆོད་སེམས་བརྟན་པོས། འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་དཀའ་ངལ་སེལ་ཐབས་གནང་བཞིན་པ་འདི་ནི། དོན་དམ་གྱིས་སེམས་འགུལ་དང་བློ་སྤོབས་སྐྱེ་གཞི་ཞིག་ཡིན། ངོས་རང་རྒྱ་ནག་གིས་དབང་སྒྱུར་བྱས་པའི་རྒྱལ་ཁབ་ཞིག་གི་ཆབ་སྲིད་འགོ་ཁྲིད་ཡིན་སྟབས། སྐུ་ཉིད་ཀྱིས་རྩོད་རྙོག་རྣམས་འཚེ་མེད་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས་པའི་ལམ་སྟོན་གནང་བ་འདི་ནི་ཧ་ཅང་གལ་གནད་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་རྒྱུ་མ་ཟད། ཐབས་ལམ་འདི་ནི་ང་ཚོར་མིག་དཔེ་ཞིག་ཆགས་ཡོད།

དེ་ཡང་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས། དུས་རབས་ ༢༡ འདི་ནི་གྲོས་མོལ་གྱི་དུས་རབས་ཤིག་ཡིན་པར་བཀའ་སློབ་སྩོལ་བཞིན་ཡོད། གྲོས་མོལ་གྱི་ལམ་ནས་ཕྱོགས་གཉིས་བར་གྱི་མི་མཐུན་པ་རྣམས་སེལ་ནས། གཞི་མཐུན་འགྲིག་འཇགས་ཡོང་ཐུབ་བཞིན་ཡོད་པ་མ་ཟད། དེ་སྔ་སྤྱི་པའི་སྒྲིག་འཛུགས་ནས་ཟུར་བུད་བྱས་པའི་ཤོག་ཁག་ལའང་གྲོས་མོལ་གྱི་ལམ་ནས་སྤྱི་པའི་སྒྲིག་འཛུགས་ནང་བསྐྱར་དུ་མཉམ་ཞུགས་བྱས་པ་བརྒྱུད། ལས་དོན་ཐག་གཅོད་བྱ་རྒྱུའི་གོ་སྐབས་བསྐྲུན་བཞིན་ཡོད། དེར་བརྟེན་གྲོས་མོལ་ནི་སྔར་ལས་དགོས་མཁོ་ཧ་ཅང་ཆེ་བ་ཆགས་ཡོད།

ངས་སྐུ་ཉིད་མཆོག་གི་ལས་དོན་གང་ཅིར་བྱ་བ་ལམ་ལྷོང་ཡོང་བ་དང་། གཟེངས་རྟགས་འདི་བརྒྱུད། སྐུ་ཉིད་མུ་མཐུད་གྲོས་མོལ་གྱི་ཐབས་ལམ་ཐོག་བསྐྱོད་ནས་རྒྱལ་ཁབ་ནང་དུ་ཞི་བདེ་དང་། འཆམ་མཐུན་གྱི་ཉི་མ་འཆར་བའི་སྨོན་འདུན་ཞུ་རྒྱུ་ཡིན།”ཞེས་འཁོད་འདུག

ནོ་བྷེལ་ཞི་བདེ་གཟེངས་རྟགས་དེ་ལོ་ལྟར་ཟླ་༡༢ པའི་ཚེས་༡༠ ཉིན་ཡུ་རོབ་ནོར་ཝེ་ཡི་རྒྱལ་ས་ཨོ་སེ་ལོར་སྤྲོད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།