<<ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་>>ཀྱི་གོ་ནོར་དང་། ཡོ་བསྲང་།
བེ་རི་དཔལ་ལྡན་རྣམ་རྒྱལ། བྷུན་ཏར་དགེ་འོས་མཐོ་སློབ།
ཕྱི་ལོ་༢༠༡༢ ལོར་༸གོང་ས་མཆོག་གིས་beyond religion, Secular Ethics for whole world ཞེས་པའི་དཔེ་དེབ་ཅིག་འདོན་གནང་མཛད་རྗེས། འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་བརྡལ་ཤུགས་ཆེར་ཕྱིན་པ་དང་མཉམ་དུ། Secular ཞེས་པའི་མིང་ཚིག་དེ་ལས་འཕྲོས་པའི་དོགས་སློང་དང་སྐྱོན་འཛུགས་ཀྱང་མི་ཉུང་བ་ཞིག་བྱུང་ཡོད། དེ་ནི་ཆོས་ལུགས་བྱེ་བྲག་པ་ཞིག་གི་ལྟ་བ་མཁྲེགས་འཛིན་ཅན་རྣམས་ཀྱིས་ Secularism ཞེས་པའི་མིང་ཚིག་དེར་གོ་བ་ལེན་སྟངས་མི་འདྲ་བ་ཞིག་གིས་དེ་ཙམ་དགའ་མོས་མི་བྱེད་མཁན་ཡང་མང་ཙམ་བྱུང་ཡོད།
དེ་བཞིན་བོད་པའི་སྤྱི་ཚོགས་ཁྲོད་དུའང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། ཅེས་པའི་མིང་ཚིག་འདི་ཐོག་མར་ཐོས་པ་དང་། དེའི་སྔ་ཕྱི་བར་གསུམ་གྱི་གནས་བབ་ལ་རྟོག་ཞིབ་མི་བྱེད་པར་དེ་ནི་འགྲིགས་ཐབས་མེད་པ་ཞིག་ཏུ་ངོས་འཛིན་གྱིས་དགག་རྒྱག་གི་བྲེལ་བ་འཚུབ་བཞིན་འདུག ཁོ་བོས་ཞིབ་ལྟ་བྱེད་སྐབས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པའི་བསླབ་གཞི་དེའི་འོག་སློབ་གསོ་ཅི་ཞིག་སྤྲོད་ཀྱི་ཡོད་མེད་ཀྱི་གོ་ཐོས་ཙམ་ཡང་མེད་པར། སྣང་བ་མི་འགྲོ་ས་དེ་ནི་ཆོས་ལུགས་ལ་མ་བརྟེན་པ་ཞེས་པའི་མིང་ཚིག་འདི་རང་ཡིན། དེ་ཡང་མི་ལོ་སྟོང་ཕྲག་གི་རིང་ཆོས་ལུགས་ཀྱིས་དབང་བསྒྱུར་བའི་སྤྱི་ཚོགས་ཤིག་ནས་མིང་ཚིག་དེར་སྣང་བ་མི་འགྲོ་བ་དེ་ནི། ལྡོག་ཏུ་མེད་པ་ཞིག་དང་། བསམ་ཤེས་བྱེད་འོས་པ་ཞིག་ཀྱང་རེད་སྙམ།འོན་ཀྱང་། འདིར་བོད་ཡིག་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་བརྗོད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་བསླབ་གཞིའི་བྱུང་རིམ་ཁྲོད། ཐོག་མར་ Universal Ethics, Moral Ethics, Social emotional learning, secular ethics, Social emotional ethical learning, Social Ethical learning, Compassion based ethics སོགས་ཀྱི་མིང་ཚིག་མང་པོ་ཞིག་བྱུང་ཡོད།
དེ་ལྟ་བུའི་བསླབ་གཞི་འདི་ནི། ༸གོང་ས་མཆོག་གིས་ལྗགས་རྩོམ་གནང་བའི། Ethics for new millennium, beyond Religion, Universe in single atom, art of happiness, power of compassion སོགས་རེད་ལ། འདི་ནི་ཆོས་ལུགས་ལ་སྐྱོན་བརྗོད་རྒྱུ་ཞིག་མ་རེད་ལ། ཆོས་ལུགས་ཡལ་བར་བོར་བའི་སྐད་ཆ་ཡང་མ་རེད། འདི་ནི་འགྲོ་བ་མིའི་རང་བཞིན་དུ་ཡོད་པའི་བྱམས་པ་དང་བརྩེ་བ། བཟོད་པ་དང་དགོངས་ཡངས། འདོད་ཆུང་ཆོག་ཤེས་སོགས་གོང་འཕེལ་དུ་གཏོང་ཐབས་སུ་ཆོས་ལུགས་ཀྱི་ཡིད་ཆེས་ལ་བརྟེན་མི་དགོས་པར་གཙོ་ཆེར་common sense དང་། scientific findings བཅས་ལ་གཞི་བཅོལ་ནས་འགྲེལ་བཤད་བྱེད་རྒྱུ་དང་། དེ་ཡང་དཔེར་ན། བཟོད་པ་ལྟ་བུ་ཞིག་འགྲེལ་བརྗོད་སྐབས། གཞུང་ལུགས་ཆེ་གེ་མོ་ནས་ཇི་ལྟར་གསུངས་ཡོད་མེད་ཀྱི་ལུང་འདྲེན་ཙམ་མིན་པར། ཉིན་རེའི་འཚོ་བའི་ཁྲོད་ཀྱི་མྱོང་བ་དང་སྦྱར་ནས། common sense, common feelings ལ་བརྟེན་ནས་འགྲེལ་བརྗོད་བྱེད་ཚེ། བཟོད་པ་དང་བྱམས་བརྩེ་ཞེས་པ་དེ་གཞུང་ལུགས་ཆེ་གེ་མོ་ཞིག་གི་བསྟན་དོན་ཙམ་མིན་པར་རང་ཉིད་ཀྱི་མི་ཚེའི་ཁྲོད་ཆེས་དགོས་མཁོ་ཆེ་བའི་ཆ་ཤས་ཡིན་པའི་ངེས་ཤེས་རྙེད་ནས། འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་དུ་གཏོང་ཐབས་ཤིག་ཡིན།སྟབས་ལེགས་པ་ཞིག་ལ། རང་ཉིད་དགེ་འོས་མཐོ་སློབ་ཏུ་དགེ་རྒན་བྱེད་བཞིན་པར་བསླབ་གཞི་འདི་ཉིད་སློབ་དགོས་པའི་བཀའ་ཕེབས་ནས་ལོ་ཤས་རིང་སློབ་པའི་ཉམས་མྱོང་ལ་གཞིར་བཞག་ན། དང་ཐོག་བྱམས་པ་དང་བརྩེ་བ་ལྟ་བུ་ཞིག་སློབ་སྟངས་འདི་འདྲ་སློབ་དགོས་དུས་དཀའ་ངལ་ཆེན་པོ་ཞིག་འཕྲད་སོང་། གཞུང་ལུགས་སློབ་སྟངས་ཀྱི་བྱམས་པ་དང་བརྩེ་བའི་རྣམ་གཞག་སློབ་དགོས་ཚེ། བྱམས་པའི་མཚན་ཉིད། དབྱེ་བ། མཁས་པའི་བཞེད་པ། དགག་གཞག་སྤོང་གསུམ་གྱི་དོགས་སློང་སོགས་མི་དམན་པ་ཞིག་བྱེད་ཤེས་ཀྱང་། སྐབས་འདིར་བྱམས་བརྩེ་སློབ་སྟངས་དེ་ནི། རང་ཉིད་ཀྱི་འཚོ་བ་དང་སྦྱར་ནས་སློབ་མའི་སེམས་ཁམས་སུ་འཇུག་བདེ་བ་ཞིག་དང་། བྱམས་བརྩེའི་ངེས་ཤེས་འདྲོངས་ངེས་ཤིག་སློབ་དགོས་སྟབས་གདན་ས་ནས་གཞུང་ལུགས་སྨྲ་བའི་རྩོད་པ་ཁོ་ནས་ཡོང་ཐབས་མེད་པ་ཞིག་རེད་འདུག
དེ་ནས་རིམ་བཞིན་༸གོང་ས་མཆོག་གི་བཀའ་སློབ་མང་དུ་ཉན་ཞིང་། རང་ཉིད་ཀྱི་ཉིན་ཞག་ཕྲུགས་གཅིག་གི་འཚོ་བའི་བརྒྱུད་རིམ་ལ་ལེགས་བཅོས་ཕྲན་བུ་བྱས་ནས་སློབ་པའི་སྐབས། རང་ཉིད་དང་སློབ་མ་ཕལ་མོ་ཆེའི་གཤིས་ཀ་དང་། སྤྱོད་པ་ལ་འགྱུར་བ་ཆེན་པོ་ཞིག་ཐེབས་སོང་། དེས་ན། ན་ནིང་འདི་ག་ནས་དགེ་འོས་སློབ་ཐོན་པ་རྣམས་ཀྱིས་ཁ་གཅིག་གྲགས་ཀྱིས། མཐོ་སློབ་འདིར་སླེབས་ནས་ཁེ་བཟང་ཆེ་ཤོས་དེ་ནི། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། ཀྱི་སྐོར་སྦྱོང་རྒྱུ་བྱུང་བ་དེ་ཡིན་ཞིང་། དེ་ཉིད་སྦྱངས་ནས་མི་ཚེའི་ནང་། ཁོང་ཁྲོ་ཆུང་དུ་འགྲོ་བ། བཟོད་པ་ཆེ་རུ་འགྲོ་བ། བསམ་བློའི་འཁྱེར་སོའི་ཐད་ཡར་རྒྱས་ཆེན་པོ་ཕྱིན་སོང་། ཞེས་བརྗོད་ཀྱི་འདུག་པར་མ་ཟད། རང་ཉིད་ཀྱིས་ཞིབ་འཇུག་བགྱིས་པའི་གྲུབ་འབྲས་ཀྱང་དེ་འདྲ་ཞིག་མཐོང་སོང་།
སྤྱིར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པ་འདི་ཕྱི་རྒྱལ་སློབ་གྲྭ་ཁག་ལ་འཕྲལ་ཕུགས་རྒྱང་གསུམ་ལ་དགོངས་ནས་གསུངས་པ་ཞིག་ཡིན་མོད། ང་ཚོའི་བོད་པའི་སློབ་གྲྭ་ཁག་ཏུ་ངེས་པར་དུ་ཆོས་ལུགས་ལ་མ་བརྟེན་པ་ཞིག་མི་དགོས་ཀྱང་། བྱུང་ན་བོད་ཕྲུག་རྣམས་ལ་གནའ་སྔ་མོའི་སློབ་སྟངས་རྙིང་པ་དེ་མ་ཡིན་པར། ཆོས་ལུགས་ལ་ངེས་པར་བརྟེན་མི་དགོས་པར་བྱམས་བརྩེ། བཟོད་པ། དགོངས་ཡངས། གཅིག་གྱུར་གྱི་ལྟ་ཚུལ། ཕྱོགས་ཡོངས་ཀྱི་ལྟ་སྟངས། བསམ་བློའི་འཁྱེར་སོ་བཅས་ཉིན་རེའི་འཚོ་བ་དང་སྦྱར་ནས། སྒོམ་དང་ལག་བསྟར་གྱི་ཐོག་ནས་སློབ་ཚེ། ཆོས་ལུགས་བྱེ་བྲག་པ་ཞིག་དམིགས་བཟུང་གིས་སློབ་པ་ལས་ལྡབ་འགྱུར་གྱིས་གྲུབ་འབྲས་ཆེ་བ་ཡོད་པས། དེང་གི་ཆར་བོད་སློབ་ཁག་ཏུ། སློབ་མ་ཚོས། ཉིན་ལྟར་སྒོམ་གྱི་ཉམས་ལེན། བྱམས་བརྩེ་དང་བཟོད་པའི་སྐོར་བགྲོ་གླེང་སོགས་བྱེད་བཞིན་པ་འདི་ནི། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པའི་བསླབ་གཞི་འདིའི་དངོས་ཀྱི་གྲུབ་འབྲས་ཤིག་རེད་སྙམ། འདི་ལྟར་སློབ་ཚེ་ང་ཚོ་ནང་པ་དང་ནང་པ་ཞེས་བརྗོད་མི་དགོས་པར་དོན་དུ་མི་བཟང་པོ་ཞིག་དང་། བྱམས་བརྩེ་ལྡན་པའི་བོད་པ་བཟང་པོ་ཞིག་ཏུ་གྱུར་ཟིན་པས། ང་ཚོ་ལ་དགོས་རྒྱུ་དེ་ཡིན་པ་ལས་ནང་པ་ནང་པ་ཞེས་སྐད་འབོད་རྒྱག་མཁན་མང་པོ་ཞིག་དགོས་གལ་མེད་སྙམ།
མདོར་ན། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པ་འདི་ནི་དོན་དངོས་ཐོག་བྱམས་བརྩེ་གཞི་རྩར་བཞག་པའི་བཟང་སྤྱོད་ཅིག་ལ་གོ་བ་ལས་གཞན་གང་ཡང་མིན་པས། འདི་ཉིད་བསླབས་ཏེ་ནང་པ་མིན་པ་ཞིག་ཏུ་འགྱུར་རྒྱུའི་ཚབ་ཏུ། ང་ཚོ་བོད་ཕྲུག་རྣམས་ནང་པའི་ལྟ་གྲུབ་ལ་དོ་སྣང་ཇེ་ཆེར་འགྲོ་ངེས་ཡིན་པ་ཁོ་བོ་ལོ་ཤས་རིང་གི་ཉམས་མྱོང་ཡིན་པས། ཐུགས་ཁྲལ་གནང་དགོས་མེད། དེ་ལས་ལྡོག་སྟེ་བོད་ཕྲུག་ཚོར་བྱམས་བརྩེ་དང་བཟོད་པ་རྣམས་མྱོང་བའི་ཐོག་ནས་འགྲེལ་བཤད་ཐུབ་པ་ཞིག་གནང་གལ་ཆེ་སྟེ། ང་ཚོའི་བོད་པའི་ནང་སྒོམ་དང་བཟོད་པའི་མྱོང་བ་འགྲེལ་བརྗོད་བྱེད་མཁན་སྤུས་དག་ཅིག་མ་རྙེད་པར། སྒོམ་དང་བཟོད་པ་སློབ་འཁྲིད་ཆེད་ཕྱི་རྒྱལ་མགོ་སེར་རེ་གདན་འདྲེན་མ་ཞུ་ཐབས་མེད་དུ་གྱུར་པའི་གནས་སྟངས་འདི་ནི་ང་ཚོ་ཐུགས་ཁྲལ་གནང་དགོས་ས་གཅིག་པུ་དང་གཙོ་བོ་དེ་ཡིན་ནོ།། ༢༠༡༧ ཟླ་བ། ༧ ཚེས།༡༨ དགོང་མོར་ཉལ་ཁར་བྲེལ་སྟབས་ཀྱིས་བྲིས།