“ཀྲུང་གོའི་ཕྱི་འགྲིམ་སློབ་མའི་དྲང་བདེན་དང་རྒྱལ་གཅེས་བྱ་འགུལ་ལ་ང་ཚོས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་”ཟེར།
བོད་པའི་བུ་མོ་འཆི་མེད་ལྷ་མོ་ཊོ་རོན་ཊོ་གཙུག་ལག་སློབ་ཆེན་གྱི་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོ་འདེམས་ཐོན་བྱུང་རྗེས་རྒྱ་རིགས་སློབ་ཕྲུག་ཚོས་འཆི་མེད་ལྷ་མོ་དང་མཐོ་སློབ་གཞན་ཞིག་ཏུ་ཡོད་པའི་ཡུ་གུར་བུ་མོ་ཞིག་ལ་ངོ་རྒོལ་བྱས་པའི་ཐད་ཁེ་ཎ་ཊར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པས་གཏམ་བཤད་ཅིག་སྤེལ་འདུག
ད་སྐབས་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་སྤེལ་བཞིན་པའི་གནས་ཚུལ་དུ། ཉེ་ལམ་འཆི་མེད་ལྷ་མོ་ཁེ་ཎ་ཊའི་སློབ་ཆེན་ཞིག་གི་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོར་འདེམས་ཐོན་བྱུང་ཡོད་པ་དང་། དེའི་རྗེས་སུ་རྒྱ་རིགས་སློབ་ཕྲུག་ཚོས་ས་ཡིག་བསྡུ་བ་སོགས་ཀྱིས་ངོ་རྒོལ་བྱས་ཡོད་པ་བཞིན་ཁེ་ཎ་ཊར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པས་ངོ་རྒོལ་བ་རྣམས་ལ་རྒྱབ་སྐྱོར་བྱས་ཏེ་བརྗོད་དོན། “བོད་ལྗོངས་དང་ཤིན་ཅང་ཐད་ཀྱི་གནད་དོན་ནི་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་འབྲེལ་བ་ཡོད་ཅིང་། ཀྲུང་གོའི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད། ཀྲུང་གོའི་སྲིད་གཞུང་གིས་ཁྲིམས་ལྟར་བོད་ལྗོངས་དང་ཤིན་ཅང་གི་མི་རིགས་སོ་སོའི་མི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་དང་དབང་ཆ་ཁག་ལ་སྲུང་སྐྱོང་བྱེད་བཞིན་ཡོད། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་དང་ཤིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་”ཅེས་དང་། “མངའ་ཁོངས་ཕྱི་ནང་ཀུན་གྱི་“སྟོབས་ཤུགས་ཁག་གསུམ”ལ་རྡུང་རྡེག་གཏོང་ཆེད། ཀྲུང་གོའི་སྲིད་གཞུང་གིས་ཤིན་ཅང་དུ་འཇིགས་རྒོལ་དང་ཐལ་སྤྱོད་ཅན་མེད་པར་བཟོ་བའི་ལས་དོན་སྤེལ་ཡོད་ཅིང་ཕན་ནུས་མངོན་གསལ་ཐོན་ཡོད། རྒྱལ་ཁབ་དང་མི་སྣ་གང་རུང་གིས་ཐབས་ཤེས་གང་རུང་ལ་བརྟེན་ནས་ཤིན་ཅང་ཁ་ཕྲལ་དུ་གཏོང་བའི་སྟོབས་ཤུགས་དང་། “བོད་རང་བཙན་”ཞེས་ཀྲུང་གོར་ངོ་རྒོལ་བྱེད་པའི་ཁ་བྲལ་གྱི་བྱེད་སྒོ་སྤེལ་བ་ལ་རྒྱབ་སྐྱོར་དང་སྟབས་བདེ་མཁོ་འདོན་བྱེད་པར་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན”ཞེས་དང་།
མུ་མཐུད་བརྗོད་དོན། “ཉེ་ཆར། ཐའོ་རོན་ཐའོ་སློབ་ཆེན་དང་མའེ་ཁེ་མ་སི་ཐེ་སློབ་ཆེན་དུ་དོན་རྐྱེན་གཉིས་བྱུང་བ་དེ་ཀྲུང་གོའི་ཁ་ན་ཏར་བཅའ་སྡོད་གཞུང་ཚབ་ཁང་ཆེན་མོ་དང་འབྲེལ་བ་མེད་ན་ཡང་། ཀྲུང་གོའི་ཕྱི་འགྲིམ་སློབ་མའི་དྲང་བདེན་དང་རྒྱལ་གཅེས་བྱ་འགུལ་ལ་ང་ཚོས་རྒྱབ་སྐྱོར་བྱེད་རྒྱུ་ཡིན། བདག་དབང་སྲུང་སྐྱོང་དང་ཁ་བྲལ་ལ་ངོ་རྒོལ་བྱེད་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་ཡིན་ལ། ཁ་ན་ཏ་སྲིད་གཞུང་གིས་ལག་ལེན་དུ་བསྟར་བའི་ལངས་ཕྱོགས་ཀྱང་ཡིན། ཁ་ན་ཏ་ནི་སྣ་མང་ཅན་གྱི་རྒྱལ་ཁབ་ཞིག་ཡིན་ལ། གཏམ་བཤད་རང་དབང་ལག་བསྟར་བྱེད་བཞིན་ཡོད་པ་ལས། ཤིན་ཅང་ཁ་བྲལ་སྟོབས་ཤུགས་དང་“བོད་རང་བཙན”ཚོགས་པ་ལ་གཏམ་བཤད་སྤེལ་བའི་རང་དབང་ཡོད་ན། དེ་ལ་ངོ་རྒོལ་བྱེད་མཁན་ལའང་གཏམ་བཤད་སྤེལ་བའི་རང་དབང་ཡོད་དགོས་ངེས་རེད། ཁ་ཤས་ཀྱིས་གོང་གི་དོན་དག་ལ་ཁ་གཡར་ནས་ཀྲུང་གོའི་སྲིད་གཞུང་ལ་དོན་མེད་སྐྱོན་འཛུགས་བྱས་པ་དང་། ཀྲུང་གོར་ངོ་རྒོལ་བྱེད་པའི་བསམ་ཚུལ་ངན་སྐུལ་བྱས་པར་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན། ཁ་ན་ཏ་མང་ཚོགས་ཀྱིས་འབྲེལ་ཡོད་དོན་དག་ལ་ལྟ་ཞིབ་ཡང་དག་བྱེད་རྒྱུ་དང་། ཆ་འཕྲིན་ནོར་འཁྲུལ་ཅན་གྱིས་ལོག་ལམ་དུ་མི་ཁྲིད་པར་བྱ་རྒྱུའི་རེ་བ་ཡོད།”ཅེས་བརྗོད་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།