ཀྲུའུ་ཡོང་ཁང་གི་གསང་བ་ཕྱིར་བསྒྲགས་དང་བྱང་ཀོ་རི་ཡ།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།
ཕྱི་ལོ་༢༠༡༢ ལོའི་ཟླ་༡༡ པའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཐོག་ཞི་ཅིན་ཕིང་གི་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་གོ་གནས་གཏན་འབེབས་བྱས་པ་དང་། ཁྲུང་ཆིང་དུ་ཝང་ལི་ཅུས་དོན་རྐྱེན་བྱུང་བའི་རྗེས། པའོ་ཞི་ལེ་དང་ཁོང་གི་ཕྱོགས་གཏོགས་རྣམས་རྒྱ་ནག་གི་སྲིད་དོན་པའི་ཁྲོད་ནས་གློ་བུར་དུ་ཉེས་ཅན་པར་གྱུར། དེ་དང་འབྲེལ་ཆགས་སྐབས་སྔོན་མའི་དབུས་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་དང་སྲིད་ཁྲིམས་ཨུད་ཡོན་ལྷན་ཁང་གི་དྲུང་ཆེ་གཅིག་ལྕོགས་ཀྲུའུ་ཡོང་ཁང་གི་གནད་དོན་ལ་ཐུག་སྟེ། བརྟག་དཔྱད་དང་ཞིབ་འཇུག་ཐེངས་མང་བྱས་པ་བརྒྱུད། ཏང་ནང་ཁུལ་གྱི་མཐོ་རིམ་དཔོན་རིགས་ཁྲོད་བསམ་ཚུལ་མ་མཐུན་པར་ལོ་གཅིག་ལ་ཉེ་བའི་རིང་ལུས་པ་དང་། ཕྱི་ལོ་༢༠༡༤ ལོའི་ཕྱི་ཟླ་༡༢ པའི་ཚེས་༥ ཉིན་ད་གཟོད་དབུས་ཆབ་སྲིད་སྡེ་ཚན་གྱི་ཚོགས་འདུ་དང་དབུས་སྒྲིག་བཤེར་ལྷན་ཁང་གི་ཞིབ་བཤེར་སྙན་ཐོ་ལ་གཞིགས་ཏེ། དམག་ཤོག་ཚོགས་མི་ནས་ཕྱིར་ཕུད་དང་། འབྲེལ་ཡོད་དོགས་ཉེས་ཀྱི་གནད་དོན་ཁྲིམས་ཞིབ་ཚན་པར་རྩིས་སྤྲོད་དེ་ཐག་གཅོད་བྱ་རྒྱུ་གཏན་འབེབས་བྱས་པ་ལྟར། ཉིན་དེའི་མཚན་མོར་ཤིན་ཧྭ་གསར་ཁང་གིས་གོང་གི་གནས་ཚུལ་སྙིང་བསྡུས་ཤིག་སྟབས་བདེའི་ངང་ཕྱིར་སྤེལ།
ཤིན་ཧྭ་གསར་ཁང་གིས་སྤེལ་བའི་དབུས་གཞུང་གི་ཐག་གཅོད་ནང་འཁོད་དོན། “ཀྲུའུ་ཡོང་ཁང་གིས་ཏང་གི་ཆབ་སྲིད་དང་སྒྲིག་འཛུགས་ཀྱི་སྒྲིག་གཞི་ལ་རྒྱལ་འགལ། གསང་བ་རྒྱང་བསྐྱུར། དབང་ཆ་བེད་སྤྱོད་དེ་མི་མང་པོའི་ཆེད་དུ་ཁྲིམས་འགལ་གྱི་ཁེ་ཕན་ལེན་པ། ཐད་ཀར་རམ་ཡང་རན་ནང་མི་བརྒྱུད་དེ་ལྐོག་དངུལ་འབོར་ཆེན་བླངས་པ། དབང་ཆ་བེད་སྤྱོད་ལོག་པར་བཏང་སྟེ་ནང་མི་གཉེན་འབྲེལ་དང་ཟུར་ཟ། གྲོགས་པོ་སོགས་ལ་ཚོང་ལས་ཀྱི་ཁེ་ཕན་བསྐྲུན་ཏེ། རྒྱལ་དབང་ཐོན་ཁུངས་ལ་གྱོང་གུད་ཚབས་ཆེ་བཟོས་པ། ཏང་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་པ། སྤྱོད་གཙང་གི་སྒྲིག་ལམ་ལ་ཚབས་ཆེའི་རྒྱལ་འགལ་བྱས་པ། ཁོང་རང་ཉིད་དང་ནང་མི་གཉེན་འབྲེལ་ཀྱིས་མི་གཞན་གྱི་རྒྱུ་ནོར་འབོར་ཆེན་བླངས་པ། བུད་མེད་མང་པོ་མཉམ་དུ་དབང་ཆ་དང་དངུལ་གྱི་ལུས་འབྲེལ་ཉོ་ཚོང་བྱས།” གནས་ཚུལ་དེ་དངོས་སུ་ཕྱིར་ཁྱབ་བསྒྲགས་བྱས་པ་ནས་བཟུང་། རྒྱལ་ཕྱི་ནང་གཉིས་ཀར་ཀྲུའུ་ཡི་གནད་དོན་དང་འབྲེལ་བའི་གླེང་གཞི་འདྲ་མིན་མང་པོ་ཞིག་སླེབས་པ་དང་། སྤྱིར་ཀྲུའུ་ཡོང་ཁང་ལ་ཉེས་འཛུགས་བྱས་པའི་ཁྲིམས་འགལ་གྱི་དོན་ཚན་དྲུག་ཀ་སྔོན་ནས་དྲ་ཐོག་ཏུ་དཀྲོག་གཏམ་ཚུལ་གྱིས་ཕྱིར་ཁྱབ་ཟིན་ཞིང་། ད་ལྟ་དངོས་སུ་རྒྱ་ནག་གཞུང་འབྲེལ་གྱིས་ཕྱིར་བསྒྲགས་བྱས་པའི་གནད་དོན་ཁྲོད། ཀྲུའུ་ཡོང་ཁང་གིས་ཏང་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་པའི་ཉེས་པ་ཟེར་བ་གཅིག་པུ་གསར་པ་ཞིག་ཆགས་ཡོད། རྒྱུ་མཚན་ནི་གཞུང་གིས་དེའི་ཐད་འགྲེལ་བརྗོད་ཅུང་ཟད་ཙམ་ཡང་བྱས་མེད་ལ། དོན་དངོས་སུ་ཀྲུའུ་ཡིས་གསང་བ་གང་ཞིག་ཕྱིར་བསྒྲགས་པ་ཡིན་མིན་སྐོར་ལའང་། དོ་སྣང་ཅན་གྱི་རྩོམ་པ་པོ་དང་ཆེད་མཁས་པ། དཔྱད་བརྗོད་པ། ཀློག་པ་པོ། དྲ་གྲོགས་མང་པོ་ཞིག་ལ་ཚོད་དཔག་འདྲ་མིན་བྱེད་དུ་བཅུག་ཡོད།
ཁ་ཤས་ཀྱིས་ཀྲུའུ་ཡོང་ཁང་གིས་ཞི་ཅིན་ཕིང་ཤིན་ཅང་ལ་ལྟ་སྐོར་དུ་བསྐྱོད་པའི་སྐབས་ཀྱི་ལས་རིམ་འབྲེལ་ཡོད་ཤར་ཏུར་ཀུ་སི་ཐན་གྱི་འཇིགས་སྐུལ་དྲག་སྤྱོད་པའི་ལག་ཏུ་སྤྲད་དེ། གྲི་གཡར་ཏེ་མི་བསད་པའི་དམིགས་ཡུལ་འགྲུབ་ཐབས་བྱས་ཡོད་ཀྱང་། སྟབས་ལེགས་པ་ཞིག་ལ་ཞི་ཅིན་ཕིང་འགྲོ་མགྱོགས་པར་བརྟེན། འཇིགས་སྐུལ་ཤོག་ཁག་གོམ་གང་གི་རྗེས་སུ་ལུས་ཏེ། དེའི་ཚབ་ཏུ་ཉེས་མེད་ཀྱི་རྒྱ་རིགས་ཁ་ཤས་ཤིག་བསད་པ་རེད་ཟེར། འགའ་ཤས་ཀྱིས་ཀྲུའུ་ཡོང་ཁང་གིས་ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་སྔོན། ཏང་ནང་ཁུལ་གྱི་མཐོ་རིམ་དཔོན་རིགས་ཀྱི་འོས་མི་གོ་སྒྲིག་དང་འབྲེལ་བའི་གསང་བ་རང་གི་ཕྱོགས་གཏོགས་རྣམས་ལ་བཤད་དེ། ལུས་ཁུངས་དང་སྡེ་ཁག ཞིང་ཆེན་དང་གྲོང་ཁྱེར་སོ་སོའི་ནང་རང་གི་ཕྱོགས་གཏོགས་ཀྱི་མི་སྔོན་ཚུད་ནས་གཏན་འབེབས་བྱས་ཡོད་ཟེར། ཡང་ཁ་ཤས་ཀྱིས་ཀྲུའུ་ཡོང་ཁང་གིས་རང་ཉིད་ཀྱི་གྲོགས་པོ་དང་གཉེན་འབྲེལ་རྣམས་ལ་དཔལ་འབྱོར་དང་། ནོར་སྲིད། ཚོང་ལས་དང་འབྲེལ་བའི་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་ཏེ། ཁོང་ཚོར་ཁེ་ཕན་ཤུགས་ཆེན་བླངས་པའི་གོ་སྐབས་སྤྲོད་ཡོད་པའི་ངོས་འཛིན་བྱེད་བཞིན་ཡོད། ཡིན་ནའང་མི་སུས་ཀྱང་ཚོད་དཔག་བྱས་ཐུབ་མེད་པ་དང་མི་རྣམས་ཆེས་ཧང་སང་དགོས་པ་ཞིག་ནི། ཀྲུའུ་ཡོང་ཁང་གིས་ཕྱིར་བསྒྲགས་བྱས་པའི་གསང་བ་དེ་རྒྱ་ནག་དང་བྱང་ཀོ་རི་ཡའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ལ་འབྲེལ་བ་ཡོད་པའི་གལ་ཆེའི་གསང་བ། སྐབས་དེའི་བྱང་ཀོ་རི་ཡིའི་འགོ་ཁྲིད་ཨང་གཉིས་པ་ཅང་སང་ཊའེ་ཁི་དང་ཧུ་ཅིན་ཐའོ་གཉིས་ཀྱི་གསང་བའི་གྲོས་མོལ་དང་འབྲེལ་བ་ཡོད་པ་རེད།
པའོ་ཞུའུ་དྲ་བའི་ཐོག་ཟླ་འདིའི་ཕྱི་ཚེས་༢༢ ཉིན་ཐོག་མར་སྤེལ་བའི་<<ཀྲུའུ་ཡོང་ཁང་གིས་ཅང་སང་ཊའེ་ཁི་དང་ཧུ་ཅིན་ཐའོ་ཡི་གསང་བའི་གྲོས་མོལ་གྱི་ནང་དོན་ཕྱིར་བསྒྲགས་ཏེ། བྱང་ཀོ་རི་ཡའི་རྒྱ་ནག་ཤོག་ཁག་རྩ་མེད་བཟོས>> ཞེས་པ་དང་འབྲེལ་ཡོད་ཡིག་ཆའི་ནང་འཁོད་པ་ལྟར་ན། བྱང་ཀོ་རི་ཡའི་རྒྱལ་ཁབ་ཀྱི་འགོ་ཁྲིད་ཨང་གཉིས་པ་ཅང་སང་ཊའེ་ཁི་ཡིས་ཕྱི་ལོ་༢༠༡༢ ལོའི་ཟླ་༨ པའི་ཚེས་༡༣ ཉིན་བྱང་ཀོ་རི་ཡའི་ལྟ་སྐོར་ཚོགས་པ་ཁྲིད་དེ་རྒྱ་ནག་ཏུ་འཚམས་འདྲིར་འབྱོར་པ་དང་། པེ་ཅིང་དུ་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་དར་སྤེལ་དང་དོ་དམ་ཞེས་པའི་ཚོགས་འདུའི་སྟེང་མཉམ་ཞུགས་བྱས། ཕྱི་ཟླ་༨ པའི་ཚེས་༡༧ ཉིན། ཧུ་ཅིན་ཐའོ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཅང་སང་ཊའེ་ཁི་དང་ཐུག་འཕྲད་བྱས་ཏེ། འགོ་ཁྲིད་གཉིས་ཀྱིས་ཤིན་ཏུ་གལ་ཆེའི་གསང་བའི་སྐོར་ལ་ཆུ་ཚོད་གཅིག་ལྷག་རིང་གྲོས་མོལ་བྱས། ཅང་སང་ཊའེ་ཁི་ཡིས་རྒྱ་ནག་ཏུ་སྐྱབས་བཅོལ་ལ་ཡོད་པའི་ཁེན་རྗོན་ཨན་གྱི་གཅེན་པོ་ཁེན་རྗོན་ནེམ་གྱིས། ད་ལྟའི་ཆེས་མཐོའི་འགོ་ཁྲིད་ཁེམ་རྗོན་ཨན་གྱི་ཚབ་བྱེད་འོས་པའི་སྐོར་བཤད་ཡོད་ཅིང་། ཧུ་ཅིན་ཐའོ་ཡིས་སྐབས་དེར་གལ་ཆེའི་གནད་དོན་དེའི་སྐོར་ཡིན་མིན་གྱི་ཐག་གཅོད་མ་བྱས་པར། ལངས་ཕྱོགས་མངོན་གསལ་གྱི་རྣམ་འགྱུར་གང་ཡང་མ་བསྟན་པ་རེད་ཟེར། ཀྲུའུ་ཡོང་ཁང་སྐབས་དེའི་ལས་ཐོག་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་ཡིན་པའི་ཆ་ནས། ཐེངས་དེའི་གསང་བའི་གྲོས་མོལ་ཤེས་རྟོགས་བྱུང་ཡོད་པ་སྨོས་མི་དགོས་པ་མ་ཟད། ཁོང་ནི་རྒྱ་ནག་དབུས་གཞུང་གི་བདེ་འཇགས་དང་གསང་བའི་ལས་དོན་གྱི་འགན་ཁུར་མི་སྣ་གཙོ་བོ་ཡིན་སྟབས། གསང་བའི་གྲོས་མོལ་གྱི་སྒྲ་ཐག་གཙོས་པའི་གནས་ཚུལ་གང་འདྲ་ཞིག་ཡིན་འང་ཁོང་གི་ལག་ཏུ་རག་ཐུབ་ལ། མི་སུ་གཅིག་གིས་ཀྱང་ཁོང་གིས་ཆེས་མཐོའི་གསང་བའི་གནས་ཚུལ་དེ་ཕྱོགས་གཞན་ཞིག་ལ་བཙོང་སྲིད་པའི་དོགས་པ་བྱ་མི་སྲིད། དཔེར་ན་ཝང་ལི་ཅུས་ཨ་རིའི་ཁྲིན་ཏུའུ་ཡན་ལག་གཞུང་ཚབ་ཁང་དུ་བྲོས་པ་བཞིན། ཀྲུའུ་ཡོང་ཁང་རྒན་ཡོལ་རྗེས་ཀྱི་དུས་ནམ་ཞིག་ལ་ཁོང་གི་ལག་ཏུ་ཡོད་པའི་ཧུ་དང་ཅང་གཉིས་ཀྱི་གསང་བའི་གནས་ཚུལ་ཁེམ་རྗོན་ཨན་ལ་སྤྲད་མིན་མ་ཤེས་པར། ཕྱི་ལོ་༢༠༡༣ ལོའི་ཕྱི་ཟླ་༡༢ པའི་ཚེས་༨ ཉིན་བྱང་ཀོ་རི་ཡའི་ངལ་རྩོལ་ཚོགས་པའི་དབུས་ཆབ་སྲིད་སྡེ་ཚན་གྱི་ཚོགས་འདུ་རྒྱས་འཛོམས་འཚོགས་བཞིན་པ་དང་སྐབས་བསྟུན། ཚོགས་ཐོག་ནས་གློ་བུར་དུ་ཅང་སང་ཊའེ་ཁི་འཇུ་བཟུང་བྱས་ཏེ། ཁོང་ལ་རྒྱལ་འཚོང་གི་ཉེས་འཛུགས་བྱས་པ་མ་ཟད། མགྱོགས་མྱུར་ངང་ལོ་དེའི་ཕྱི་ཟླ་༡༢ པའི་ཚེས་༡༢ ཉིན་སྲོག་ཁྲིམས་བཅད་དེ་ལམ་སང་ལག་བསྟར་བྱས། དེའི་རྗེས་མུ་མཐུད་དུ་ཏང་སྲིད་དམག་གསུམ་གྱི་ཅང་སང་ཊའེ་ཁི་ཡི་ཕྱོགས་གཏོགས་དཔོན་རིགས་ཡོངས་རྫོགས་བསད་དེ། བྱང་ཀོ་རི་ཡའི་རྒྱ་ནག་ཕྱོགས་ཁག་ཡོངས་སུ་རྩ་མེད་བཟོས། གནས་ཚུལ་ཁ་ཤས་ཀྱི་ནང་དུ་ཐོན་པ་ལྟར་ན། ཅང་སང་ཊའེ་ཁི་ཡི་བཟའ་ཟླ་དང་ཁེམ་རྗོན་ཨན་གྱི་སྲུ་མོ་ངོ་མ་ཁེམ་རྗོན་ཧུན་བཙན་གྱིས་སྨྱོ་རུ་བཅུག་ཏེ་སྨན་ཁང་དུ་བསྐྱལ་པ་དང་། ཅང་སང་ཊའེ་ཁི་ཡི་གནད་དོན་ལ་བརྟེན་ནས་ཉེས་མེད་ཀྱི་སྐྱེས་ཕོ་མོ་རྒན་གཞོན་ཁྱོན་ཁྲི་གཉིས་ལ་ཉེ་བ་དམར་གསོད་བཏང་སྟེ། བྱང་ཀོ་རི་ཡའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད།
བཤད་ཚུལ་ལྟར་ན་སྟག་གི་ཁ་ནས་སྲོག་ཉེན་ལས་ཐར་པའི་ཅང་སང་ཊའེ་ཁི་ཡི་ལག་འོག་གི་མི་ཞིག་གིས། རྒྱ་ནག་ཕྱོགས་ལ་ཁེམ་རྗོན་ཨན་གྱི་ལག་ཏུ་ཧུ་དང་ཅང་གཉིས་ཀྱི་གསང་བའི་གྲོས་མོལ་གྱི་གནས་ཚུལ་རག་ཡོད་སྐོར་སྙན་སེང་ཞུས་པ་དང་། ཀྲུའུ་ཡོང་ཁང་གིས་སྣང་མེད་དུ་གསང་བ་ཕྱིར་བསྒྲགས་པའི་གནས་ཚུལ་རྩད་ཆོད། ཀྲུའུ་ཡིས་ཅིའི་ཕྱིར་ཧུ་དང་ཅང་གཉིས་ཀྱི་གསང་བའི་གནས་ཚུལ་སྐོར་གྱི་རྒྱལ་ཁབ་ཀྱི་གསང་བ་ཁེམ་རྗོན་ཨན་ལ་སྤྲད་པ་རེད་ཅེ་ན། དེའི་ནང་དུ་གསང་བ་ཧ་ཅང་ཆེན་པོ་ཞིག་ཡོད་པ་བཤད་མི་དགོས་ཤིང་། ཕྱི་ལོ་༢༠༡༠ ལོར་ཐེངས་ཤིག་བྱང་ཀོོ་རི་ཡའི་རྒྱལ་ས་ཕིའོ་ཡཱང་དུ་འཚོགས་པའི་དམག་རྩེ་རུ་སྒྲིག་གི་མཛད་སྒོའི་ཐོག ཀྲུའུ་ཡོང་ཁང་གིས་འགོ་ཁྲིད་པའི་རྒྱ་ནག་གི་སྐུ་ཚབ་ཚོགས་པ་མཉམ་ཞུགས་བྱས་པ་དང་། སྐབས་དེར་ཀྲུའུ་ལ་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚུལ་གྱིས་ཆེས་མཐོའི་སྣེ་ལེན་བྱས། མཛད་སྒོའི་ཐོག་ཀྲུའུ་ཡོང་ཁང་ཕྱི་རྒྱལ་གྱི་སྐུ་མགྲོན་གཙོ་བོའི་བཞུགས་གྲལ་དུ་འཁོད་དེ་ཁེམ་རྗོན་ཡེལ་དང་ལྷན་དུ་བསྡད། སྐབས་དེར་ནད་ལྗིད་མོ་ཕོག་ཡོད་པའི་ཁེམ་རྗོན་ཡེལ་གྱིས་ཁོང་གི་མཁྲིས་ཀྱི་རྒྱལ་སྲས་དང་རྗེས་འཛིན་མི་སྣ་ཁེམ་རྗོན་ཨན་ངོ་སྤྲོད་བྱས་སྐབས། ཀྲུའུ་ཡོང་ཁང་ལ་རྒྱ་ནག་ཕྱོགས་ནས་ཁེམ་རྗོན་ཨན་ལ་ལྟ་སྐྱོང་མང་ཙམ་གནང་དགོས་པའི་རེ་སྐུལ་ཞུས་ཏེ། ཀྲུའུ་དང་ཁེམ་ཚང་གི་བར་དུ་ཤུལ་ལུས་ལྟ་སྐྱོང་གི་འབྲེལ་བ་ལྟ་བུ་ཞིག་ཆགས་ཡོད། བཤད་ཚུལ་ཞིག་གི་ནང་དུ། ཀྲུའུ་ཡོང་ཁང་གི་གནད་དོན་ཕྱིར་གྱར་ཏེ་གཞུང་གིས་ད་དུང་ལྟ་སྲུང་མ་བྱས་པའི་སྐབས། གནད་དོན་དེ་ལས་ཐར་ཐབས་མེད་པ་ཤེས་ཏེ། བྱང་ཀོ་རི་ཡར་བྲོས་བྱོལ་གྱི་འཆར་གཞི་འཐེན་མྱོང་ཡོད་ཀྱང་། མཐའ་འཇུག་ཏུ་ལམ་ལྷོངས་མ་བྱུང་པར་ཞི་ཅིན་ཕིང་གིས་འགོ་ཁྲིད་པའི་གཞུང་འཛིན་ཚོགས་པས་བཟང་བཙོན་འོག་ཏུ་བཅུག ད་ལྟའི་ཆར་ཕྱིར་ཁྱབ་བཞིན་པའི་ཀྲུའུ་ཡོང་ཁང་གིས་ཁེམ་རྗོན་ཨན་ལ་གསང་བ་ཕྱིར་བསྒྲགས་པའི་གནས་ཚུལ་ལ་བརྟེན་ནས། ཀྲུའུ་ཡོང་ཁང་གི་གནད་དོན་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་སྲིད་མིན་དང་། ཀྲུའུ་ལ་མ་འོངས་པར་ཁྲིམས་ཆད་ཡང་ལྗིད་གང་འདྲ་ཞིག་བཅད་དེ་ཐག་གཅོད་བྱ་མིན་སོགས་ནི། སྔར་བཞིན་མི་རྣམས་ཀྱིས་དོ་སྣང་ཧ་ཅང་ཆེན་པོ་བྱེད་སའི་གླེང་གཞི་ཞིག་ཏུ་གྱུར་ཡོད།།