ཀློང་ཐང་སྒྲོལ་མ་དང་འབྲེལ་བའི་གཏམ།—རྗེ་བཙུན་སྒྲོལ་མའི་བྱིན་རླབས་ཀྱིས་འཚོ་བའི་ཡུལ་སྡེ་ཞིག

ཀློང་ཐང་སྒྲོལ་མ་དང་འབྲེལ་བའི་གཏམ།—རྗེ་བཙུན་སྒྲོལ་མའི་བྱིན་རླབས་ཀྱིས་འཚོ་བའི་ཡུལ་སྡེ་ཞིག

རྫ་ཚེ་རིང་བཀྲ་ཤིས།

འཇིགས་པ་ཅན་ལ་མ་འཇིགས་མ་འཇིགས་གསུང་། །
ཉམ་ངའི་གནས་ལས་སྒྲོལ་བས་སྒྲོལ་མར་གྲགས། །
སྣ་ཚོགས་གཟུགས་ཀྱིས་བདག་ལ་བརྩེ་མཛད་མ། །
འཕགས་མ་མི་འཇིགས་སྦྱིན་ལ་ཕྱག་འཚལ་ལོ།།

༡༽མེ་བསོད་རུ་ཁག་དང་རྗེ་བཙུན་སྒྲོལ་མ། 
ད་ནངས་ཞོགས་པ་ངའི་གྲོགས་པོ་རྙིང་པ་སྒྲོལ་མ་ལྷ་ཁང་གི་རྒན་རང་གྲོལ་ལགས་ཀྱི་འཕྲིན་ཕྲན་རྒྱབ་ལོགས་ནས་སྒྲོལ་མ་གསུང་འབྱོན་མ་དང་མེ་ཆེན་མཆེད་བཞིན་པའི་ནགས་རི་ཞིག་གི་དཔར་བཅས་བཞག་འདུག་ཅིང་། དཔར་དང་མཉམ་དུ། འདན་ཁོག་དང་ཉེ་བའི་ས་ཆ་ཞིག་ཏུ་ནགས་ལ་མེ་ཤོར་ནས་ཉིན་བརྒྱད་འགྲོ་གིན་ཡོད། ཁར་རྩང་དགེ་འདུན་པ་རྣམ་པས་རྗེ་བཙུན་སྒྲོལ་མ་གདན་དྲངས་ཏེ་ཆར་འབེབས་བྱས་པ་ཡིན། དེ་རིང་ནས་ཆར་ཡག་པོ་བཏང་སོང་། མེ་ཤུགས་ཆུང་དུ་འགྲོ་རྒྱུའི་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་བྲིས་འདུག

ཡང་ཕྱི་དྲོ་དྲ་ལམ་དུ་ཁ་བ་ཆེན་པོ་བབས་ཡོད་པའི་ས་ཁུལ་ཞིགདང་མཉམ་དུ། སེར་ཤུལ་རྫོང་ཁོངས་འདན་ཁོག་ཡུལ་ལ་མེ་སྐྱོན་ཚབས་ཆེན་ཤོར་ཏེ།   བྱེད་ཐབས་གང་ཡོད་བྱས་ཀྱང་མེ་སྐྱོན་མེད་པ་བཟོ་མ་ཐུབ་པས་འུ་ཐུག་ཐབས་ཟད་ཀྱི་སྐབས་སུ། མཁས་དབང་དགེ་བཤེས་འཇམ་དཔལ་བློ་ཤེས་མཆོག་དང་རྭ་འདའ་མཆོག་སྤྲུལ་རིན་པོ་ཆེ་རྣམ་གཉིས་ཀྱི་གཙོས་དགེ་འདུན་པ་རྣམས་ཀྱིས་ཆར་འབེབས་གནང་བ་ལ་བརྟེན་ནས་གངས་ཆེན་པོ་བབས་པས་མེ་གསོད་ཐུབ་པ་བྱུང་འདུག  དངོས་ཡོད་གནས་ཚུལ་ཞིག་རེད། ངོ་མ་སངས་རྒྱས་ཆོས་ལུགས་འདི་ཁྱད་འཕགས་ཅན་དང་།  བླ་མ་དགེ་བཤེས་ཚོའི་ནུས་པ་བྱིན་རླབས་ཆེན་པོ་རེད་སྙམ། ངོ་མཚར་ཅན་ཞིག་རེད་ཨང་། ཞེས་པ་ཞིག་ཀྱང་བྲིས་འདུག ཕལ་ཆེར་དེ་ག་རང་ཡིན་པ་འདྲ།

མེ་སྐྱོན་ཤོལ་ཡུལ་ནི་སེར་ཤུལ་རྫོང་འདན་མ་མགོ་བ་ཡུལ་ཚོའི་ས་ཁུལ་རེད། ཁར་རྩང་ཕྱི་ཕྱོགས་ཀྱི་གསར་ལམ་ཁག་ན་མེ་སྐྱོན་གྱི་གནས་ཚུལ་དེ་དང་འབྲེལ་ནས་གཞུང་གིས་མེ་གསོད་ཀྱི་ལས་དོན་ཡག་པོ་བྱེད་ཀྱི་མེད་ལུགས་བྲིས་འདུག་ཅིང་། དེ་རིང་ས་གནས་ཡུལ་མི་དག་དང་མཉམ་དུ་རྗེ་བཙུན་སྒྲོལ་མ་དངོས་སུ་མེ་གསོད་རུ་ཁག་ནང་ཞུགས་ནས་ནུས་པ་གང་ལེགས་ཐོན་ཡོད་པ་ཐོས་བྱུང་། དེ་ནི་ཀུ་རེ་དང་འདྲ་བའི་དོན་དངོས་ཞིག་རེད།

གང་ལྟར། གནས་ཚུལ་འདི་ལས་འཕྲོས་ཏེ་ངས་འདན་ཀློང་ཐང་གི་ཡུལ་མི་ཚོ་དང་རྗེ་བཙུན་སྒྲོལ་མའི་བར་གྱི་ཐུན་མིན་གྱི་ལས་འཕྲོ། ཁོང་ཅག་གིས་རྗེ་བཙུན་སྒྲོལ་མར་འཛིན་པའི་འགྱུར་བ་མེད་པའི་ཡིད་ཆེས་དང་དད་པ། རྗེ་བཙུན་སྒྲོལ་མའི་ཐུགས་རྗེ་དང་གང་འདུལ་ཕྲིན་ལས་ཀྱི་འཇུག་པ་བཅས་ཀྱི་ཕྱོགས་ལ་བསམ་བློ་འཁོར་བྱུང་།

༢༽ འཕགས་པའི་ཐུགས་རྗེ་དང་སྐུ་བརྙན་གྱི་འགྲོ་དོན།
སྤྱིར་བཤད་ན། ཁྲོ་སྐྱབས་ཀྱི་ཐུགས་རྗེ་ཆེན་པོ། གར་ཞའི་འཕགས་པ་ཏྲི་ལོ་ཀཱི་ནཱ་ཐ། སྐྱིད་རོང་གི་ཇོ་བོ་ཝར་ཏི། ཀློང་ཐང་གི་རྗེ་བཙུན་སྒྲོལ་མ་ལ་སོགས་པ་འདི་དག་གིས་བཟོ་སྤྲུལ་སྐུའི་ཚུལ་གྱིས་སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་པ་ཡིན།

སྡིག་པ་ཅན་དགེ་བ་ལ་སྦྱོར་བ་ཡིན། དད་པ་ཅན་ལ་དངོས་གྲུབ་སྣ་རེ་སྩོལ་བ་ཡིན། རྟག་ཏུ་ཡུལ་ལ་བཀྲ་ཤིས་པར་བྱེད་པ་ཡིན། མཐའ་འཁོབ་དང་རོང་ཁུང་དང་། མུ་གེའི་ཉམ་ང་བའི་ཡུལ་དག་ལ་གཉུག་མར་གནས་པའི་ཚུལ་གྱིས་དོན་མཛད་པར་གནས་པ་ཡིན། ཆོས་ཀྱི་སྒྲ་ཡེ་མི་གྲགས་པའི་ས་ཆ་དག་ཏུའང་འཕགས་པའི་སྐུས་རྟག་པར་སེམས་ཅན་རྣམས་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པའི་སར་འགོད་པ་ཡིན། དེའི་ཕྱིར་བདག་ཁོ་བོའང་རྟེན་འདི་དག་དང་འབྲེལ་བའི་ལོ་རྒྱུས་ལ་ལྷག་ཏུ་སྤྲོ་བ་ཆེ་བ་ཞིག་ཡོད། ཉེ་སྔོན་རང་ཉིད་རྡ་ས་བཞག་ནས་ཡོང་སྐབས་ཀྱང་༧ཕོ་བྲང་དུ་བཞུགས་པའི་སྐྱིད་རོང་འཕགས་པ་ཝར་ཏི་བཟང་པོ་ལ་ཐོན་མཇལ་ཞིག་ཞུ་ཐུབ་པའི་རེ་བ་ཧ་ཅང་ཆེན་པོ་བཅངས་པ་ཡིན་མོད། འཕགས་པ་ཝར་ཏི་བཟང་པོའི་མཇལ་ཁ་ལོ་གཅིག་ལ་ས་ག་ཟླ་བ་མ་གཏོགས་གཞན་ལ་གནང་སྲོལ་མི་འདུག་པས་རེ་བ་བཞིན་མ་བྱུང་། འོན་ཀྱང་གར་ཞའི་འཕགས་པ་ལ་གནས་མཇལ་ཞུས་ཤིང་གསོལ་བ་བཏབ་པ་ཡིན།

སྔོན་གྱི་རྒྱ་གར་དང་བོད་དང་རྒྱ་ནག་ལ་སོགས་པའི་ཐེག་པ་ཆེན་པོའི་བསྟན་པའི་ཁུར་བཞེས་པ་དག་གིས་གསོལ་བ་འདེབས་ས་དང་བྱིན་རླབས་ཞུ་ཡུལ། དངོས་གྲུབ་ཀྱི་མཚན་མ་བརྙེས་ས་བཅས་ཀྱང་གཙོ་ཆེ་བ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་ཇོ་མོ་སྒྲོལ་མ་གཉིས་ཀྱི་སྐུ་བརྙན་ཁོ་ན་ལ་བརྟེན་པ་ཡིན། འདི་དག་དང་འབྲེལ་བའི་ལོ་རྒྱུས་ཡིད་འཕྲོག་པ་ཧ་ཅང་མང་པོ་ད་ལྟའང་རྣ་བརྒྱུད་དང་དེབ་ཐེར་གཉིས་ཆར་ན་མཆིས། ཡིད་རྟོན་རུང་བའང་ཤིན་ཏུ་མང་། སྐབས་མང་པོ་ཞིག་ཏུ་གདུལ་བྱ་ཐ་མལ་པ་དག་ལ་ནི་སྐུ་དངོས་སུ་བཞུགས་པ་དང་གསུང་ལས་ཀྱང་བྱ་བ་མང་བ་བྱེད་པ་ལྟར་མཆིས་སོ།།

༣༽ ཀློང་ཐང་སྒྲོལ་མ་ལྷ་ཁང་དང་རྗེ་བཙུན་སྒྲོལ་མ། 

དེ་ཡང་སྐབས་ཀྱི་གླེང་གཞི་ཁམས་ཀློང་ཐང་གི་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་རིན་པོ་ཆེ་འདིའི་བཞུགས་ཡུལ་ནི་རྒྱལ་རབས་གསལ་མེ་སོགས་ལས་གསལ་བའི་ཁམས་ཀྱི་ཀློང་ཐང་སྒྲོལ་མ་ལྷ་ཁང་ཡིན། གཙུག་ལག་ཁང་འདི་ནི་སྲོང་བཙན་གྱིས་བཞེངས་པའི་རུ་ནོན་གྱི་གཙུག་ལག་ཁང་གི་གྲས་ཀྱང་ཡིན། ལོ་རྒྱུས་ཧ་ཅང་རིང་།

དེ་དུས་ཀོང་ཇོས་རྒྱ་ནག་ནས་གདན་དྲངས་པའི་སྒྲོལ་མའི་རྟེན་འདི་ཉིད་བཙན་པོ་ཡབ་ཡུམ་བཀའ་བགྲོས་ཀྱིས་གནས་འདིར་བཞུགས་སུ་གསོལ། སྒྲོལ་མའི་སྐུ་དེའང་ཐོག་མར་རྒྱ་གར་ནས་གདན་དྲངས་པར་བཤད། དེ་རྗེས་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་མུ་མཐུད་དར་ཞིང་རྒྱས། ཁྲི་རལ་པ་ཅན་གྱི་སྐབས་ཁྱད་གྲྭ་དྲུག་གི་ཡ་གྱལ་བྱས་ནས་སྡེ་དང་བསྟན་པ་རྒྱ་ཆེར་བཙུགས། ཕྱིས་རྒྱལ་པོ་གླང་དར་གྱི་དུས་སུ་ཡང་སྡེ་དང་བསྟན་པ་མ་ཉམས་པར་བཤད། བོད་སིལ་བུའི་སྐབས་པཎྜི་ཏ་སྨྲྀ་ཏིའི་གདན་ས་ཡུན་རིང་མཛད་དེ་ཆོས་མངོན་པ་མཛོད་ཀྱི་བཤད་པ་རྒྱ་ཆེར་གནང་། གཡས་པ་ཆེན་པོ་ཤེས་རབ་གྲགས་སོགས་མཁས་བཙུན་གྱི་སློབ་མ་མང་དུ་འདུས། གསང་འདུས་ཡེ་ཤེས་ཞབས་ལུགས་འཆད་སྤེལ་མཛད་པས་འདུས་པ་ཁམས་ལུགས་སུ་གྲགས་པ་བྱུང་། གཞན་ཡང་སེ་བཙུན་པ་ཆེན་པོ་དང་།ཁུ་རྔོག་འབྲོག་གསུམ་ལ་སོགས་པ་དེ་སྐབས་བོད་དུ་བཞུགས་པའི་བླ་མ་ཕལ་ཆེ་བའི་ཞབས་ཀྱིས་བཅགས། རབ་བྱུང་བཅུ་གཅིག་པའི་ནང་ཙམ་ས་གཡོའི་གནོད་པ་ཐེབས་ནས་དགོན་པ་ནང་རྟེན་དང་བཅས་པ་ས་འོག་ནུབ་ཀྱང་། རབ་བྱུང་བཅུ་གཉིས་པར་གཏེར་སྟོན་རིག་འཛིན་ཆེན་པོ་ཉི་མ་གྲགས་པས་སྔར་གྱི་སྒྲོལ་སྐུ་གསུང་འབྱོན་མ་གཏེར་དུ་བཞེས། སྐབས་དེར་གཏེར་ཆེན་ཁོང་གིས་གཙོ་བོ་གནང་ནས་རྗེས་བཙུན་སྒྲོལ་མའི་སྐུ་བརྙན་ཡོངས་གྲགས་སུ་མཇལ་ཁ་བསྟན་ཏེ་སྒྲོལ་དབང་གནང་བ་ནས་བཟུང་ལོ་རེ་བཞིན་གྱི་ཆོ་འཕྲུལ་ཟླ་བར་མང་ཚོགས་ལ་སྒྲོལ་མའི་སྐུ་བརྙན་རིན་པོ་ཆེ་མཇལ་ཁ་དང་འབྲེལ་བཀའ་དབང་གནང་བའི་སྲོལ་དོད། དེའི་རྒྱུན་ད་ལྟའང་གནས། མིང་ཡང་གཏེར་དབང་ཞེས་འབོད།

ཕྱིས་སུ་སྒྲོལ་མའི་བཞུགས་གནས་པདྨ་རི་མཐོ་དང་སེངྒེ་གནམ་རྫོང་གི་མདུན་ཐང་གི་འབྲི་ཆུའི་འགྲམ་རང་དུ་སྤོས་ཤིང་དགོན་པ་གསར་དུ་བཞེངས། ལྔ་བ་ཆེན་པོས་བདག་རྐྱེན་བྱས་པར་གྲགས་ཤིང་ལྔ་བ་རང་གི་ཐུགས་དམ་གྱི་རྟེན་སྒྲོལ་མ་གཉིས་པ་ཞིག་དང་། མི་དབང་ཕོ་ལྷ་བའི་ཐུགས་དམ་གྱི་སྒྲོལ་མ་གཞན་ཞིག་གནང་བ་གཉིས་ཆར་ད་ལྟའང་བཞུགས། ད་ཆ་དགོན་པའི་གྲུབ་མཐའ་དགེ་ལུགས་པ་ཡིན།

རྫ་དཔལ་སྤྲུལ་རིན་པོ་ཆེ་ཡང་ཡུལ་འདི་ནས་ཡུན་རིང་བཞུགས་ཤིང་། ཁོང་གི་སྐད་གྲགས་ཅན་གྱི་སྙན་ངག་གི་བསྟན་བཅོས་གཏམ་པདྨའི་ཚལ་གྱི་ཟློས་གར་ཡང་ས་ཆ་འདི་ནས་བརྩམས། གཏམ་པདྨའི་ཚལ་གྱི་ཟློས་གར་གྱི་དབུ་ན་གསུངས་པའི་༼ཏཱ་རེ་པདྨོ་ཡོ་གི་ནི་མངོན་སུམ་དུ་བཞུགས་པའི་ཡུལ་༽ཞེས་པ་དེ་ཡང་ས་ཆ་འདིར་གསུངས་པ་རེད།

དེ་བཞིན་དུ་གསུང་དེར། ལྷ་གཅིག་ཆུའི་པདྨས་བྱིན་གྱིས་རླབས་ཤིང་། རང་བྱུང་པདྨ་རྒྱལ་པོས་ཞབས་ཀྱིས་བཅགས་པ་ཞེས་གསུངས་པ་དང་། ཁྱད་པར་དུ། རི་ལ་བལྟས་ན་འཕགས་པའི་སྐུ། སེམས་ཉིད་ངལ་གསོའི་བཀོད་པ་རྫོགས། །ཞེས་པ་ནི་རྒྱབ་རི་པདྨ་རི་མཐོ་དང་སེང་གེ་གནམ་རྫོང་གི་ཕྱིའི་བཀོད་པ་འཕགས་པ་སེམས་ཉིད་ངལ་གསོའི་སྐུའི་རྣམ་པར་ཡོད་པ་ཉིད་གསུངས་པ་ཡིན།

རྒྱལ་དབང་ཀརྨ་སྐུ་འཕྲེང་བཅུ་དྲུག་པའི་འཁྲུངས་གཞིས་འདན་ཨ་གདུགས་ཚང་ཡང་ས་ཆ་འདིའི་སྔར་གྱི་ཡུལ་བདག་ཡིན་ཞིང་། གླིང་གེ་སར་གྱི་རྟོགས་བརྗོད་དང་འབྲེལ་བའི་བློན་ཆེན་འདན་མའི་ཕ་ཡུལ་ཡང་ཁོང་ཚོའི་ས་ཆ་ཡིན་པར་ཡུལ་མི་དག་གིས་ཡིད་ཆེས་བྱེད། འདན་ག་ཕུ་སྐྱིད་དང་ཤུགས་ར་སྐྱིད། ཤུགས་རའི་ལྷ་ཁང་རིང་མོ་སོགས་ཀྱི་ས་མིག་ཀྱང་རེ་རེ་བཞིན་ཡོད།

༣༽ དད་པ་དང་བྱིན་རླབས་བར་གྱི་གཏམ་རྒྱུད།

བསྐལ་བ་ང་དགུའི་ལོར། འདན་མའི་ལོ་ཤུལ་ནང་པའི་རྒན་པོ་ཐོས་པ་དགའ་ཟེར་བ་ཞིག་གིས་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་རིན་པོ་ཆེ་སྦས་སྐུང་བྱེད་ཐུབ་པ་བྱུང་ཞིང་། དེ་ནས་ཁོང་ཉིད་བཙོན་ཏུ་ཚུད་རྗེས་ཁོང་གི་གཟའ་ཟླའི་ཚ་མོ་སྟེ་ད་ལྟ་སྒྲོལ་མ་ལྷ་ཁང་གི་ལྷ་འབངས་སུ་གཏོགས་པའི་ལྷ་བཟོ་ཚང་གི་ཨ་མ་བསོད་ནམས་ཆོས་སྒྲོན་ལགས་ཀྱིས་མུ་མཐུད་སྲོག་བསྡོས་ཀྱིས་སྦས་སྐུང་བྱས། ལོ་བཅོ་ལྔའི་སྔོན་ལ་ང་དང་ཁོང་མོ་མཇལ་སྐབས་ཕལ་ཆེར་མོ་རང་ལོ་དྲུག་ཅུ་བདུན་ཅུ་ཙམ་ལ་བསླེབས་ཟིན། ཁོང་གི་ནང་མི་ཚང་མ་དང་ཁྱད་པར་ཁོང་མོ་ཆོས་སེམས་ཆེ་བ་ལ་ཚད་མེད། ཁོང་གི་བུ་ཆེ་བ་རང་གྲོལ་ནི་དགེ་སློང་འདུལ་འཛིན་དང་ཆོས་པ་རྣམ་དག མི་གཤིས་ཀྱང་ཧ་ཅང་ལེགས་པ་ཞིག་ཡོད། སྒྲོལ་མ་ལྷ་ཁང་གི་ལས་འགན་གཙོ་བོ་ཁུར་མཁན་གྲས་རེད།

ཨ་མ་བསོད་ནས་ཆོས་སྒྲོན་གྱིས་ཁོང་གིས་དུས་འགྱུར་སྐབས་ཀྱི་དུས་ཡུན་རིང་མོའི་ནང་དུ་བསྔངས་སྐྲག་ཆེ་བའི་ཁོར་ཡུག་ཁྲོད་རྟེན་འདི་ཅི་ལྟར་སྦས་སྐུང་བྱས་པ་དང་། ད་དུང་མཚན་མོ་རེ་བཞིན་ཕྱི་མིས་མི་ཚོར་ས་ནས་རྗེ་བཙུན་སྒྲོལ་མ་ལ་གསོལ་བ་འདེབས་ཤིང་ཕྱག་འབུལ་གྱི་ཡོད་པ་སོགས་ཀྱི་ལོ་རྒྱུས་ཕྲན་ལ་དངོས་སུ་ལབ་མྱོང་།

ད་དུང་ཁོང་ལ་སྤྱི་ལོ་གཅིག་དགུ་བདུན་ཅུ་དོན་གྲངས་ཀྱི་སྐབས་ཏེ་བཅོས་བསྒྱུར་སྒོ་འབྱེད་མ་བྱུང་བའི་སྔོན་ཞིག་ལ་རྨི་ལམ་ཡ་མཚན་ཅན་ཞིག་བཏང་འདུག

དེ་ཡང་སྒྲོལ་མ་ལྷ་ཁང་གི་ཐོག་ནས་བུད་མེད་སྐུ་བོང་ཆེན་པོ་དབུ་སྐྲ་ཚོ་གཉིས་སུ་བྱས་ཤིང་གཡས་པ་བསླས་ཤིང། གཡོན་པ་སིལ་མར་བཀྲམ་ཏེ་ཕྲག་གོང་གཡས་གཡོན་གཉིས་ན་མར་དཔྱངས་ཏེ། ཞབས་གཡས་བསྐུམས་གཡོན་བརྐྱངས་ཀྱིས་བཞུགས་པ། ཕྱག་གཉིས་ཀྱིས་སྨྱུག་གླིང་ཧ་ཅང་སྙན་པོ་ཞིག་འབུད་བཞིན་པ་ཞིག་མཇལ་ཞིང་། དེ་མ་ཐག་ཡིད་ལ་འདི་ནི་རྗེ་བཙུན་སྒྲོལ་མ་རེད་འདུག་ཨང་སྙམ་པའི་བསམ་བློ་འཁོར་ཞིང་། ད་དུང་སེམས་ལ། ད་ནི་ཆོས་ལུགས་ཡག་པོ་ཞིག་དར་ཡོང་ས་རེད་སྙམ་པ་ཞིག་བྱུང་བའི་མུར་གཉིད་ལས་སད། གཉིད་སད་རྗེས་སུའང་རྒྱ་གླིང་གི་སྐད་དང་འདྲ་བར་སྙན་ཞིང་། སེམས་ལ་བདེ་སྣང་ཆེན་པོ་སྟེར་བའི་སྒྲ་དེ་ཡུན་རིང་པོ་ཞིག་ལ་རྣ་ལམ་ནས་མ་ཡལ་བར་གྲག་གིན་ཡོད་པ་ལྟ་བུའི་སྣང་བ་བྱུང་འདུག འདི་ནི་རྫུན་གཏན་ནས་མ་འདྲེས་པའི་སྐད་ཆ་ཡིན་པར་ཡིད་ཆེས་བྱེད་ཆོག འདི་ནི་དད་པ་ཅན་ལ་རྗེ་བཙུན་སྒྲོལ་མའི་བྱིན་རླབས་བྱུང་སྟངས་སེམས་འགུལ་ཐེབས་པ་ཞིག་རེད།

༤༽ ཏཱ་རེ་པདྨོ་ཡོ་གི་ནི་མངོན་སུམ་དུ་བཞུགས་པའི་ཡུལ། 

གུས་པའང་ཐོག་མར་ས་ཆ་འདིར་བཀའ་བརྒྱུད་བསྟན་པའི་རྩ་ལག་རྟོགས་པའི་དབང་ཕྱུག་ཚབ་ཚ་སྒྲུབ་རྒན་རིན་པོ་ཆེ་ཀརྨ་སེང་གེའི་མདུན་བསྟན་འགྱུར་གྱི་ལུང་ཞུ་སར་ཟླ་བ་གཅིག་རིང་འདུག་སྐབས་ཡུལ་འདིར་རྒྱུས་ལོན་གང་ལེགས་བྱུང་ཞིང་། རིན་པོ་ཆེའི་མདུན་ཆོས་གནང་ཡུལ་དངོས་དགོན་པའི་ནང་ལྟ་བུ་མིན་པར་ཁོང་གི་བཞུགས་གནས་རང་ཡིན་སྟབས་ཆོས་ཞུ་བར་ཡོང་མཁན་རྣམས་ལ་ཉེ་འཁོར་གྱི་ཡུལ་མི་སོ་སོས་གནས་ཚང་གཡར་ཞིང་ཁ་གྲམ་ནས་བསྡད་པ་རེད།

དེ་ཡང་རིན་པོ་ཆེའི་དགོན་པ་རྫ་ཁོག་ཏུ་ཡོད་ཀྱང་བཞུགས་ཡུལ་འདན་ཁོག་ཡིན་སྟབས་ཡུལ་མི་ཚང་མས་ཁོང་རྩ་བའི་བླ་མ་དང་གཙུག་གི་ནོར་བུར་རྩི། དད་འདུན་ཧ་ཅང་ཟབ། ང་འདུག་སའི་གནས་ཚང་ནི་ལྷ་བཟོ་ཚང་སྟེ་ཁོང་ཚང་གི་ནང་རེད། ཁོང་ཚོས་ཀྱང་ང་སྒྲུབ་རྒན་རིན་པོ་ཆེའི་མདུན་ཆོས་ཞུ་སར་ཡོང་བ་ཡིན་པ་ཤེས་སྐབས་ཟླ་བ་གཅིག་གི་རིང་གི་གནས་ཚང་དང་ཟ་གོན་ཚང་མ་གནང་བྱུང། གོང་དུ་ཞུས་པའི་ཨ་མ་བསོད་ནམས་ཆོས་སྒྲོན་དང་ཁོང་གི་བུ་རང་གྲོལ་ལགས་ཀྱང་དེ་དུས་ཀྱི་ངའི་གནས་ཚང་རེད།

ཨ་མ་ལགས་ཁོང་ད་ལྟ་མི་ཡུལ་དང་ཞལ་གྱེས་ཟིན་ཡང་རྗེ་བཙུན་སྒྲོལ་མའི་བྱིན་རླབས་ནི་རྟག་ཏུ་ཁོང་གི་ཉེ་འཁོར་ན་ཡོད་པར་ངེས།  རྩོམ་ཡིག་འདིས་ཀྱང་གནས་མོ་སེམས་བཟང་ཅན་ཁོང་དང་ཁོང་གི་ནང་མིར་དྲིན་བཟོ་ཕྲན་བུ་རེ་ཡོང་སྲིད།

སྒྲུབ་རྒན་རིན་པོ་ཆེའི་བསྟན་འགྱུར་ཆེན་མོའི་ལྗགས་ལུང་གྲུབ་སྐབས་ཀྱི་གཏིང་རག་གི་ཚོགས་འཁོར་སྒྲོལ་མ་ལྷ་ཁང་དུ་བགྱིས་ཤིང་། སྐབས་དེར་སྒྲུབ་རྒན་རིན་པོ་ཆེ་སྐུ་དངོས་ཀྱིས་ང་ཚོ་ལ་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་རིན་པོ་ཆེ་མགོ་ཐོག་ཏུ་བཞག་ནས་བྱིན་རླབས་གནང་བ་བྱུང་ཡོད།

མདོར་ན། ལོ་ཤུལ་ནང་པ་ཚང་མས་རྗེ་བཙུན་སྒྲོལ་མའི་སྐུ་འདི་སྒྲོལ་མ་དངོས་ལྟ་ བུར་ཡིད་ཆེས་བྱེད། མི་ལ་ན་ཚ། ཕྱུགས་ལ་གོད་ཁ། རང་བྱུང་དང་འབྱུང་བའི་རྐྱེན་ངན། དབྱར་ཐན་པ། དགུན་གངས་ཞོད། འཁོར་བ་དང་ངན་སོང་གི་འཇིགས་སྐྲག་གང་ཞིག་གི་སྐབས་སུའང་འབོད་ས་དང་རེ་ས་ཁོང་ལ་བྱེད། ཁྱད་པར་དབྱར་ཁ་ཆར་ཆེས་པ་དང་ཆར་མི་འབབ་པ་སོགས་ཀྱི་སྐབས་དགེ་འདུན་པ་རྣམ་པས་སྒྲོལ་མ་གསུང་འབྱོན་མ་ཁྲུས་ལ་གདན་འདྲེན་བྱེད།

རྟེན་དང་གནས་རི་བླ་མ་སོགས་རྩ་ཆེན་པོ་དག་དང་ཅི་ཙམ་ཐག་ཉེ་བ་དེ་ཙམ་གྱིས་མཉམ་འགྲོགས་ཀྱིས་སྣང་མེད་བྱེད་པ་རྒྱུན་ལྡན་ལྟ་བུ་ཡིན་ན་ཡང་། ལོ་ཤུལ་ནང་པ་ཚོར་མཚོན་ན་དེ་འདྲ་མིན། ཁོང་ཚོས་རང་ཉིད་ཀྱི་ས་ན་རྗེ་བཙུན་སྒྲོལ་མ་དངོས་སུ་བཞུགས་ཡོད་པའི་ཡིད་ཆེས་དང་དགའ་སྣང་ཧ་ཅང་ཆེ། འབངས་དག་ཀྱང་བདེ་ཞིང་སྐྱིད་པར་འཚོ་བ་ཞིག་འདུག

བོད་རྒྱལ་ལོ་༢༡༤༣རབ་གནས་མེ་སྤྲེལ་ལོའི་ས་ག་ཟླ་བའི་ཡར་ཚེས་བརྒྱད་ལུགས་འཛམ་གླིང་གི་ནང་པ་མང་པོས་སངས་རྒྱས་ཐུགས་རྗེ་ཅན་སྐུ་བལྟམས་པའི་ཉིན་མོར་བྱེད་པའི་དུས་ཆེན་ཁྱད་པར་ཅན་ལ་(2016/5/14)ཀྱི་ཉིན་ཨོ་སི་ཐྲི་ལི་ཡའི་ཡུལ་ནས་རྒྱལ་ཁམས་པ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་བྲིས་པའི་དགེ་བས་འགྲོ་བ་ཀུན་གྱི་རྒྱུད་ལ་རྗེ་བཙུན་སྒྲོལ་མའི་བྱིན་རླབས་འཇུག་པའི་རྒྱུར་གྱུར་ཅིག །