ཁ་ཆེའི་ཆོས་ལུགས་དང་དྲག་སྤྱོད་འབྲེལ་བ་མེད།

ཡེ་ཤུ་ཆོས་ལུགས་ཁེ་ཐོ་ལེག་གི་ཆོས་དཔོན་གྱིས། འཇིག་སྐུལ་རིང་ལུགས་པའི་དྲག་སྤྱོད་དང་ཁ་ཆེའི་ཆོས་ལུགས་ཨེ་སེ་ལཱམ་གཉིས་འབྲེལ་བ་མེད་པས། དེ་གཉིས་མཉམ་དུ་ངོས་འཛིན་བྱེད་པ་ནི་མི་འགྲིག་པ་དང་བདེན་པ་མིན་སྐོར་གསུངས་འདུག

13871770_1220268144663719_1979398326_nཟླ་འདིའི་ཚེས་༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཡེ་ཤུའི་ཁེ་ཐོ་ལེག་གི་ཆོས་དཔོན་ཧྥེ་རེན་སེེ་ཡིས་གསར་འགོད་པ་ཞིག་ལ། འཛམ་གླིང་ནང་གི་ཆོས་ལུགས་ཕལ་ཆེ་བའི་ནང་དུ། ཕྱོགས་ལྷུང་གི་ལྟ་བ་མཁྲེགས་འཛིན་བྱེད་པའི་སྡེ་ཚན་ཆུང་ཆུང་ཡོད་པས། གལ་ཏེ་ཁ་ཆེ་བའི་དྲག་སྤྱོད་སྐོར་བཤད་ན། ཡེ་ཤུ་ཁེ་ཐོ་ལེག་གི་དྲག་སྤྱོད་སྐོར་ཡང་བཤད་དགོས་ཀྱི་ཡོད་སྐོར་གསུངས་འདུག

ཡུ་རོབ་ཀྱི་མི་མང་ཕལ་ཆེ་བས་གོང་དུ་བཀུར་བའི་ཡེ་ཤུ་ཁེ་ཐོ་ལེག་གི་ཆོས་དཔོན་གྱིས། ཁ་ཆེ་འཇིགས་སྐུལ་རིང་ལུགས་པའི་དྲག་སྤྱོད་དེ་དག་ནི་ཁ་ཆེ་ཆོས་ལུགས་དང་འབྲེལ་བ་མེད་པ་དང་། ཁོང་གིས་ནམ་རྒྱུན་ནས་དྲག་སྤྱོད་སྐོར་སྐད་ཆ་བཤད་སྐབས། ཁ་ཆེའི་ཆོས་ལུགས་ཨེ་སི་ལཱམ་དང་འབྲེལ་བ་བཟོ་ཡི་མེད་སྐོར་གསུངས་འདུག

མི་མང་པོ་ཞིག་གིས་ཡེ་ཤུ་ཆོས་དཔོན་ཧྥེ་རེན་སེེ་ནི་སྔོན་གྱི་ཆོས་དཔོན་ཁག་དང་མི་འདྲ་བར། བསམ་བློ་གུ་ཡངས་ལྡན་པ་དང་། བརྗོད་གཞི་གནད་འགག་ཅན་ཐོག་ལ་བསམ་ཚུལ་གང་ཡོད་པ་བློ་སྤོབས་ཆེན་པོའི་ངང་སྤེལ་ཐུབ་མཁན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

དེ་སྔོན་ཟླ་༧ པའི་ཚེས་༢༧ ཉིན་ཁ་ཆེ་འཇིག་སྐུལ་རིང་ལུགས་པ་གཉིས་ཀྱིས་ཕེ་རན་སིའི་ཡེ་ཤུ་ཆོས་ཁང་ཞིག་བཙན་བཟུང་བྱས་ཏེ་ལོ་ན་༨༤ ཡིན་པའི་ཆོས་དཔོན་ཞིག་གྲིས་བརྒྱབ་ཏེ་བསད་ཡོད་པ་རེད། གནས་ཚུལ་དེ་དང་དེ་བཞིན་ཁ་ཆེ་འཇིགས་སྐུལ་རིང་ལུགས་པས་ཡུ་རོབ་ཁུལ་དུ་བཙན་རྒོལ་ཐེངས་མང་བྱས་ནས། མི་མང་དཀྱུས་མ་ཕོན་ཆེན་གྱི་སྲོག་ཤོར་ཡོད་པས། ཡུ་རོབ་ཁུལ་དུ་ཁ་ཆེ་ཆོས་ལུགས་དང་ཁ་ཆེ་དྲག་སྤྱོད་པ་གཉིས་ངོ་བོ་གཅིག་ཐོག་ངོས་འཛིན་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་ཁར། ཁ་ཆེ་ཚོར་མི་རིགས་དབྱེ་འབྱེད་དང་དོག་ཟོན་ཆེན་པོ་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།