ཁ་ཆེའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་༤༠ ལས་མང་བས་ཞབས་ཞུ་ཚོང་ལས་ཁང་ཆེན་པོ་ཞིག་ལ་ངོ་རྒོལ་བྱེད་བཞིན་འདུག 

རྒྱལ་སྤྱིའི་ནང་མགྲོན་ཁང་མང་པོ་ཡོད་པའི་ཞབས་ཞུའི་ཚོང་ལས་ཁང་ཧིལ་ཊོན་གྱིས། ཡུ་གུར་ཁུལ་དུ་རྒྱ་ནག་གཞུང་གིས་གཏོར་བཤིག་བཏང་བའི་ཁ་ཆེའི་ལྷ་ཁང་ཞིག་གི་ཡུལ་གནས་སུ་མགྲོན་ཁང་རྒྱག་འཆར་ཡོད་འདུག་པས། ལས་དོན་དེར་ཁ་ཆེའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་མང་པོ་ཞིག་གིས་རྒྱལ་སྤྱིའི་ནང་ངོ་རྒོལ་ལས་འགུལ་སྤེལ་འགོ་བཙུགས་འདུག 

ཟླ་༩ པའི་ཚེས་༡༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་ནང་ཡོད་པའི་ཁ་ཆེའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་༤༠ ལས་མང་བས་གསལ་བསྒྲགས་ཤིག་སྤེལ་ནས་བརྗོད་དོན་ལ། རྒྱལ་སྤྱིའི་མགྲོན་ཁང་དང་ཞབས་ཞུ་ཚོང་ལས་ཆེ་གྲས་ཧིལ་ཊོན་(Hilton) གྱིས། ཕྱི་ལོ་༢༠༡༨ ལོར་རྒྱ་ནག་གཞུང་གིས་ཡུ་གུར་ཁུལ་གྱི་ས་གནས་ཧཱོ་ཏན་དུ་ཡོད་པའི་ཁ་ཆེའི་ལྷ་ཁང་ཞིག་བཙན་དབང་ཐོག་ནས་གཏོར་བཤིག་བཏང་བའི་གནས་དེར་མགྲོན་ཁང་ཞིག་རྒྱག་འཆར་ཡོད་པ་དང་། ཁ་ཆེའི་ཚོགས་པ་ཁག་གིས་ཚོང་ལས་ཁང་དེར་ཞུ་གཏུག་རིམ་པར་བྱས་ཏེ་ལས་འཆར་དེ་ཕྱིར་འཐེན་བྱེད་པའི་རེ་སྐུལ་བྱས་ཀྱང་གྲུབ་འབྲས་ཐོན་མེད་པས། རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཧེལ་ཊོན་མགྲོན་ཁང་ལ་ངོ་རྒོལ་བྱེད་པའི་ལས་འགུལ་འགོ་འཛུགས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག 

ཚོགས་པ་དེས་བརྗོད་དོན་ལ་རྒྱལ་སྤྱིའི་ནང་མི་མང་ཚོར་མགྲོན་ཁང་གང་དུ་སྡོད་པ་དང་། གང་དུ་ཚོགས་འདུ་གོ་སྒྲིག ཆང་ས་གོ་སྒྲིག་སོགས་བྱེད་པའི་རང་དབང་ཡོད་པས། ཧེལ་ཊོན་མགྲོན་ཁང་ལ་ངོ་རྒོལ་བྱེད་དགོས་པ། དེ་སྔོན་ལྷ་ཁང་ཆགས་ཡུལ་དུ་མགྲོན་ཁང་རྒྱག་པའི་ལས་འཆར་དེ་ནི་ཡུ་གུར་མི་རིགས་ཀྱི་རིག་གཞུང་དང་ཆོས་དད་གཏོར་བཤིག་གཏོང་བར་རམ་འདེམས་བྱེད་ཀྱི་ཡོད་པས། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་ལས་འཆར་ཡིན་སྐོར་བརྗོད་འདུག 

དེ་སྔོན་ཟླ་༧ པའི་ནང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་གིས་ཧིལ་ཊོན་ཚོང་ལས་ཁང་གིས་ལས་འཆར་དེ་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་སྐུལ་བཏོན་ཡོད་འདུག 

རྒྱལ་ཁབ་དང་མངའ་ཁུལ་༡༡༨ ནང་དུ་ཚོང་ལས་ཁང་དེའི་མགྲོན་ཁང་སོགས་༦༠༠༠ ལས་མང་བ་ཡོད་པ་རེད་འདུག 

ཨོ་སི་ཀྲོ་ལི་ཡའི་འཐབ་ཇུས་ཉམས་ཞིབ་ཁང་གིས་བརྗོད་དོན་ལྟར་ན། ཕྱི་ལོ་༢༠༡༧ ནས་༢༠༢༠ བར་རྒྱ་ནག་གཞུང་གིས་ཡུ་གུར་ཁུལ་གྱི་ས་གནས་༩༠༠ ནང་དུ། ལྷ་ཁང་༡༦༠༠༠ ཙམ་ཞིག་ཡོངས་སུ་རྩ་མེད་བཏང་བའམ་ཕྱེད་ཀ་གཏོར་བཤིག་བཏང་ཡོད་འདུག 

རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་གིས་ཡུ་གུར་ས་གནས་སུ་ཡུ་གུར་ཁ་ཆེ་མི་རིགས་གཙོས་པའི་ཁ་ཆེ་མི་རིགས་ས་ཡ་གཅིག་ལས་མང་བ་གང་བྱུང་འཛིན་བཟུང་བཀག་ཉར་བྱས་ཏེ། ཆབ་སྲིད་བཅོས་སྒྱུར་གཞིས་སྒར་ཁག་ཏུ་བཙོན་འཇུག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཆེན་པོ་ཁྱབ་ཡོད་ཁར། འཛིན་བཟུང་འོག་ཡོད་པའི་ཕ་མ་རྣམས་ཀྱི་ཕྲུ་གུ་རྣམས་ཀྱང་ཆེད་དུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཅུག་ནས། བསམ་བློ་བཅོས་སྒྱུར་གྱི་ལས་གཞི་སྤེལ་བཞིན་ཡོད་པའི་གནས་ཚུལ་ཡང་ཕྱིར་ཐོན་ཡོད་པ་རེད་དེ། རྒྱ་ནག་གཞུང་གིས་བཀག་ཉར་ཁང་དེ་དག་ནི་ལག་ཤེས་སྦྱོང་བརྡར་ཁང་ཡིན་པ་དང་དེའི་དགོས་པ་ནི་འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་ཆེད་ཡིན་སྐོར་བརྗོད་བཞིན་ཡོད་པ་ལས། འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་དང་ཆོས་ལུགས་རང་དབང་རྩིས་མེད་སོགས་ཀྱི་ཉེས་འཛུགས་ལ་ཁས་ལེན་བྱེད་ཀྱི་མེད་པ་རེད།

ཨ་རི་དང་ཁེ་ན་ཌ། ནཱེ་དར་ལན་ཌ་སོགས་ཀྱི་གྲོས་ཚོགས་ནང་དུ་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྩ་མེད་བཟོ་བའི་བྱ་སྤྱོད་སྤེལ་བཞིན་ཡོད་པར་ངོས་འཛིན་བྱས་ཡོད་པ་དང་། ཕྱི་ལོ་༢༠༢༠ ལོར་ཨ་རིའི་གཞུང་གིས་ཡུ་གུར་ས་གནས་སུ། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་གཙོས་པའི་ཁ་ཆེ་གྲངས་ཉུང་མི་རིགས་ཚོར་བཙན་དབང་ཐོག་ནས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པ་དང་། དེ་དང་འབྲེལ་བའི་ཚོང་རྫས་ཁག་ཅིག་བཀག་འགོག་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། དེའི་ནང་དུག་ལོག་དང་། སྤྲིན་བལ། ཀམ་པུ་ཊར་གྱི་ཆ་ཤས། སྐྲའི་ཐོན་རྫས་སོགས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།