ཁ་ན་ཊའི་གྲོས་ཚོགས་ཀྱིས་རྒྱ་ནག་གི་བྱ་སྤྱོད་ནི་“མི་རིགས་རྩ་མེད་”ཀྱི་བྱ་སྤྱོད་ཡིན་པའི་ངོས་འཛིན་བྱས་འདུག
ཁ་ན་ཊའི་གྲོས་ཚོགས་ཚོགས་ཆུང་ནས་རྒྱ་ནག་གིས་ཤིང་ཅང་དུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་ནི་“མི་རིགས་རྩ་མེད་”ཀྱི་བྱ་སྤྱོད་ཡིན་པའི་ངོས་འཛིན་བྱས་ཏེ། ཤིང་ཅང་གི་“བཙོན་སྒར་”དང་འབྲེལ་བའི་འགོ་ཁྲིད་རྣམས་ལ་ཁ་ན་ཊའི་གཞུང་ནས་ཉེས་ཆད་གཅོད་དགོས་པའི་སྐུལ་མ་བཏང་འདུག
ཕྱི་ཟླ་ ༡༠ ཚེས་ ༢༡ ཉིན་ཁ་ན་ཊའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་(The House of Commons subcommittee on International Human Rights)ནས་རྒྱ་ནག་གིས་ཡུ་གུར་བ་ཚོའི་ཐོག་ལ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་ནི་“མི་རིགས་རྩ་མེད་”བཟོ་ཆེད་ཡིན་པ་དང་། ཁ་ན་ཊའི་གཞུང་ནས་འབྲེལ་ཡོད་རྒྱ་ནག་གི་འགོ་ཁྲིད་རྣམས་ལ་ཉེས་ཆད་གཅོད་དགོས་ཚུལ་བཤད་འདུག
ཁ་ན་ཊའི་སྲིད་དོན་ཚོགས་པ་གསུམ་ཀ་ལས་གྲུབ་པའི་ཚོགས་ཆུང་དེས་“རྒྱ་ནག་གཞུང་གིས་ཤིང་ཅང་དུ་ཡུ་གུར་བ་དང་། ཁ་ཆེའི་མི་རིགས་གཞན་རྣམས་ལ་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་དེར་ཚོགས་ཆུང་ནས་མཐའ་གཅིག་ཏུ་དགག་པ་རྒྱག་རྒྱུ་ཡིན་”ཞེས་བཤད་པ་མ་ཟད། “༢༠༡༨ དང་ ༢༠༢༠ གཉིས་ཀའི་གྲོས་ཚོགས་ཚོགས་ཆུང་གི་ཉན་ཞིབ་སྐབས་སུ་བྱུང་བའི་དཔང་རྟགས་གཞི་རུ་བཟུང་ནས་རྒྱ་ནག་དམག་ཤོག་ཚོགས་པའི་བྱ་སྤྱོད་དེ་ནི་མི་རིགས་རྩ་མེད་ཀྱི་ཆ་ཤས་ཚང་ཡོད་པའི་ཐག་གཅོད་བྱུང་སོང་”ཞེས་བརྗོད་འདུག
དེ་མིན་ད་དུང་གྲོས་ཚོགས་གི་ཚོགས་ཆུང་དེས་ཁ་ན་ཊའི་སྲིད་གཞུང་ལ་རྒྱ་ནག་གཞུང་གི་མི་རིགས་རྩ་མེད་བཟོ་བའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱེད་དགོས་པ་དང་། ཁ་ན་ཊའི་སྲིད་བློན་ལ་རྒྱལ་ཁབ་གཞན་དང་མཉམ་འབྲེལ་བྱས་ཏེ་རྒྱལ་སྤྱིའི་རྟོག་ཞིབ་པ་རྣམས་ཤིང་ཅང་གི་བཙོན་སྒར་ལ་འགྲོ་རུ་འཇུག་པ་བཟོ་དགོས་པའི་འབོད་སྐུལ་བྱས་འདུག
དེང་སྐབས་འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ཕལ་ཆེ་བ་དང་རྒྱ་ནག་གཉིས་ཀྱི་བར་དུ་འགལ་ཟླ་གཅིག་རྗེས་གཉིས་མཐུད་འབྱུང་བཞིན་པ་ལྟར། ཉེ་བའི་ལོ་ཤས་ནང་རྒྱ་ནག་དང་ཁ་ན་ཊའི་འབྲེལ་བའང་མཛའ་འབྲེལ་ནས་འགལ་འབྲེལ་དང་། སྟུན་ཐབས་ནས་ཉེན་བརྡ་གཏོང་རེས་སུ་གྱུར་ཡོད།
ཁ་ན་ཊར་ཡོད་པའི་རྒྱ་ནག་གི་སྐུ་ཚབ་ཁོན–ཕོའུ་(Cong Peiwu)ཡིས་ཉིན་ཤས་རང་གི་སྔོན་དུ་གལ་སྲིད་ཁ་ན་ཊའི་གྲོས་ཚོགས་ཀྱིས་ཤིང་ཅང་དུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ཡིན་པའི་ངོས་འཛིན་བྱས་ན། མཇུག་འབྲས་ཚབས་ཆེན་ཡོང་ངེས་པའི་ཉེན་བརྡ་བཏང་ཡང་། གྲོས་ཚོགས་འཐུས་མི་ཚོས་དེ་ལྟར་ངོས་འཛིན་བྱས་པ་དེས་རྒྱལ་ཁབ་གཉིས་ཀྱི་འགལ་ཟླ་སྔར་བས་ཀྱང་ཚབས་ཆེ་རུ་གཏོང་རྒྱུ་གཏན་འཁེལ་ཡིན་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།