ཁ་ན་ཊའི་སྲིད་བློན་གྱིས་རྒྱ་ནག་གི་“བཙན་དབང་གི་ཕྱི་འབྲེལ་སྲིད་བྱུས་”ལ་རྒོལ་ལན་སློག་རྒྱུའི་དམ་བཅའ་བཞག་འདུག

ཁ་ན་ཊའི་སྲིད་བློན་ཇ་ས་ཋིན-ཋོརོ་ཌོའུ་(Justin Trudeau)ཡིས་རྒྱ་ནག་གིས་ཡུ་གུར་བ་རྣམས་ལ་གདུག་རྩུབ་བྱེད་བཞིན་པར་སྐྱོན་བརྗོད་དང་། “བཙན་དབང་གི་ཕྱི་འབྲེལ་སྲིད་བྱུས་”ལག་བསྟར་བྱེད་བཞིན་པར་ཉེན་བརྡ་བཏང་འདུག 

ཟླ་འདིའི་ཚེས་༡༤ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཁ་ན་ཊ་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་འགོ་ཚུགས་ནས་ལོ་ངོ་༥༠ འཁོར་བའི་དུས་དྲན་ཐོག ཁ་ན་ཊའི་སྲིད་བློན་གྱིས་རྒྱ་ནག་གིས་ཡུ་གུར་བ་རྣམས་ལ་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་གཏོང་བཞིན་པ་དང་། “བཙན་དབང་གི་ཕྱི་འབྲེལ་སྲིད་བྱུས་”ལག་བསྟར་བྱེད་བཞིན་པར་ཉེན་བརྡ་བཏང་འདུག 

སྲིད་བློན་ཁོང་གིས་རྒྱ་ནག་ལ་ཁ་ན་ཊས་གནད་དོན་འདི་དག་ཐོག་ནས་ཕྱིར་ནུད་བྱ་རྒྱུ་མིན་པའི་ཉེན་བརྡ་བཏང་འདུག་སྟེ། གསར་འགོད་གསལ་བསྒྲགས་དེའི་ཐོག་ཏུ་ཁོང་གིས་“ང་ཚོས་འགྱུར་བ་མེད་པའི་ཐོག་ནས་མཐུན་གྲོགས་རྒྱལ་ཁབ་ཚོ་དང་མཉམ་འབྲེལ་གྱིས་རྒྱ་ནག་གི་བཙན་དབང་གྱི་ཕྱི་འབྲེལ་སྲིད་བྱུས་དང་། ཁ་ན་ཊའི་མི་སེར་གཉིས་ཀྱིས་མཚོན་པའི་རྒྱལ་ཁབ་གཞན་དག་གི་མི་སེར་རྣམས་ཁྲིམས་མེད་ལུགས་མེད་ཐོག་ནས་འཇུ་བཟུང་བྱེད་པའི་སྲིད་བྱུས་དེ་ལམ་ལྷོང་ཞིག་ཏུ་མི་མཐོང་བ་བཟོ་རྒྱུ་ཡིན་”ཞེས་གསུངས་འདུག 

དེ་བཞིན་ཁོང་གིས་འཛམ་གླིང་གི་རྒྱལ་ཁབ་གཞན་རྣམས་ལའང་རྒྱ་ནག་ལ་འཐབ་རྒོལ་བྱེད་དགོས་པའི་སྐུལ་མ་གནང་བ་མ་ཟད། ཁ་ན་ཊ་ཡིས་“མུ་མཐུད་ལྟ་གྲུབ་གཅིག་མཚུངས་ལྡན་པའི་འཛམ་གླིང་གི་རྒྱལ་ཁབ་རྣམས་དང་མཉམ་འབྲེལ་བྱས་ཏེ། རྒྱ་ནག་གི་རྒྱལ་སྤྱི་དང་རྒྱལ་ནང་གི་ལས་དོན་སྒྲུབ་ཕྱོགས་དེ་སོ་སོ་རང་ཉིད་དང་ང་ཚོ་ཚང་མར་ཕན་ཐོགས་ལྡན་པ་ཞིག་མ་ཡིན་པ་དེ་ཤེས་སུ་འཇུག་རྒྱུ་ཡིན་”པའི་དམ་བཅའ་གནང་འདུག 

ཁོང་གི་ཉེན་བརྡའི་སྐད་ཆ་འདི་ནི། ཁ་ན་ཊའི་སྲིད་གཞུང་ལ་རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་མི་སེར་གཉིས་ལ་གཏུག་རྒྱག་པའི་གོ་སྐབས་ཤིག་ཐོབ་ནས་ཉིན་ཤས་ཕྱིན་པའི་རྗེས་སུ་བཤད་པ་ཡིན་འདུག 

རྒྱ་ནག་གིས་ཁ་ན་ཊའི་མགོ་ཁྲིད་ཟུར་བ་མཱ་ཁལ-ཁོ་རེག་(Michael Kovrig)དང་། ཚོང་པ་མཱ་ཁལ-སི་པ་(Michael Spavor)གཉིས་གསང་མྱུལ་བའི་ནག་ཉེས་འོག་འཛིན་བཟུང་བྱས་པ་ཡིན་ཚུལ་རྗོད་ཀྱི་ཡོད་རུང་། ཁ་ན་ཊས་དེ་ནི་རྒྱ་ནག་གི་ཧ་ཝ་བཟོ་ཚོང་ཁང་(Huawei)གི་འགན་འཛིན་གྱི་བུ་མོ་དང་། དཔལ་འབྱོར་འགན་འཛིན་དང་། མན་ཝན་ཛོ་(Meng Wanzhoou)ཁ་ན་ཊས་འཛིན་བཟུང་བྱས་པའི་དགྲ་ཤ་ལེན་ཆེད་ཁོ་ན་ཡིན་པ་ལས། བཙོན་འོག་ཏུ་ཡོད་པའི་མི་སེར་གཉིས་ཀྱིས་གསང་མྱུལ་གྱི་ནག་ཉེས་གང་ཡང་བསགས་མེད་པའི་ཡིད་ཆེས་བྱེད་ཀྱི་ཡོད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།